2010-05-19

ཁྱེད་ཀྱིས་གནམ་གྲུ་བཟོ་ཐུབ།

དགོས་མཁོ།
  • འགྱིག་སོབ་ལས་གྲུབ་པའི་སྡེར་མ། Styrofoam dinner plate
  • ཞ་སྨྱུག Pencil
  • ཇེམ་ཙེ། Scissors
  • ཐིག་ཤིང༌། Ruler
  • ཤོག་བུ་འཛིན་བྱེད་སྟེམས་ལྕགས། 1 small papper clip

བཟོ་སྟངས།



  1. འགྱིག་སོབ་ལས་གྲུབ་པའི་སྡེར་མའམ་ཤོག་པང་དེ་ནས་ཨིན་ཇི་ ༤ ཅན་(10 CM སན་ཊི་མི་ཊར་ ༡༠)གྱི་གྲུ་བཞི་ཁ་གང་མ་ཞིག་བྲེག་དགོས།
  2. དཔེ་རིས་ནང་གསལ་བཞིན། གནམ་གྲུའི་ལུས་པོ་དང་གཤོག་པའི་ཆེད་གོང་གསལ་གྲུ་བཞི་ཁ་གང་མ་དེ། ཡང་བསྐྱར་དབྱིབས་ཟུར་གསུམ་མ་ཞིག་ཏུ་བྲེག་དགོས། དེ་ལྟར་བྱས་ན་བྲས་ཧྲུག་ཟུར་གསུམ་མ་ཆུང་ཆུང་གཉིས་འབྱུང་ངེས་ཡིན་པས་དེ་ལས་གཅིག་གནམ་གྲུའི་མཇུག་མ་བཟོ་ཆེད་དུ་ཟུར་དུ་ཉར་དགོས།
  3. དཔེ་རིས་ནང་གསལ་བཞིན། དབྱིབས་ཟུར་གསུམ་མའི་ཆེ་སའི་ངོས་དེ་ནས་དཀྱིལ་བར་ཐིག་ཅིག་བྲིས་ཏེ། ཐིག་དེ་གཞི་བཟུང་བྲེག་དགོས།
  4. དཔེ་རིས་ནང་གསལ་བཞིན། མཇུག་མའི་ཆེད་དུ་ཟུར་དུ་བཞག་པའི་ཟུར་གསུམ་མ་དེའི་མདུན་ངོས་ནས་ཨིན་ཇི་༡ དང་ཕྱེད་ཀ་(སན་ཊི་མི་ཊར་ ༣་༧༥)ཙམ་བར་བྲེག་དགོས།
  5. དཔེ་རིས་ནང་གསལ་བཞིན་གནམ་གྲུའི་མཇུག་མ་དང༌། ལུས་གཉིས་མཐུད་སྦྱོར་བྱས་ཐོག
    གནམ་གྲུའི་མདུན་ངོས་སུ་ཤོག་བུ་འཛིན་བྱེད་སྟེམས་ལྕགས་ཆུང་ཆུང་དེ་བགར་བ་དང་ཁྱེད་ཀྱི་གནམ་གྲུ་བཟོས་ཚར་བ་རེད། དེས་ག་ཚོད་བར་འཕུར་ཐུབ་ཀྱི་ཡོད་མེད་ཚོད་ལྟ་གནང་དང༌།།

རྨི་ལམ་ནང་གི་གཤོག་པ།




༅༅།། གྲོགས་པོ་ཆུང་ཆུང་ཚོ། སྐུ་ཁམས་བཟང༌། ང་ནི་ལྷ་བྱ་ཁྲུང་ཁྲུང་དཀར་མོ་ཞིག་ཡིན། ད་རེས་ངས་ཁྱེད་ཚོར། གནམ་གྲུའི་བྱུང་རིམ་མདོར་བསྡུས་ཤིག་བཤད་ཆོག ཁྱེད་རང་ཚོས་ནམ་རྒྱུན།
                                 བྱ་དེ་ཁྲུང་ཁྲུང་དཀར་མོ༌། །
                                 གཤོག་རྩལ་ང་ལ་གཡོར་དང། །
                                 ཐག་རིང་རྒྱང་ལ་མི་འགྲོ། །
                                 ལི་ཐང་བསྐོར་ནས་ལོག་ཡོང་། །ཞེས་གླུ་གཞས་གཏོང་གི་ཡོད་པ་བཞིན། གནའ་བོའི་འགྲོ་བ་མི་ཚོས་ང་ཚོ་དབྱར་དགུན་གཉིས་ལ་རང་གི་གནས་སྤོ་བའི་ཆེད་དུ། ལེ་དབར་སྟོང་ཕྲག་མང་པོའི་བར་དུ་ཕར་འཕུར་ཚུར་འཕུར་བྱེད་པའི་ངང་ཚུལ་ལ་ལྟ་བཞིན། རང་ཉིད་ཀྱང་ང་ཚོ་ནང་བཞིན་འཕུར་རྒྱུ་བྱུང་ན་དགའ་བ་ལ་ཨང་བསམ་གྱི་ཡོད་པ་མ་ཟད། ཉལ་བའི་རྨི་ལམ་དུའང་རང་ཉིད་འཕུར་འགྲོ་བ་རྨིས་ཀྱི་ཡོད།
              རྨི་ལམ་འདིས་མི་མང་པོ་ཞིག་ལ། རང་ཉིད་ས་གཞི་ལས་གྱེས་ཏེ་འཕུར་ཐབས་ཀྱི་གསར་བཏོད་ཅིག་བྱེད་རྒྱུའི་བློ་ཁོག་སྐྱེས་པ་རེད། ཕྱི་ལོ་ ༡༧༨༣ ལོར་བློ་སྟོབས་ཅན་གྱི་ཕ་རན་སིའི་མི་གཉིས་ཀྱིས་འབད་བརྩོན་བྱས་པ་ལ་བརྟེན་ནས་འཛམ་གླིང་ཐོག་ནམ་མཁར་འཕུར་མཁན་གྱི་མི་ཨང་དང་པོ་དེ་ཆགས་པ་རེད། ཁོང་གཉིས་ཀྱིས་རླུང་ཚ་པོས་ཅ་དངོས་གང་ཞིག་ནམ་མཁར་ལྡིང་པར་བྱེད་ཐུབ་པའི་གནད་འགག་དེ་ཤེས་ཀྱི་ཡོད་སྟབས། རང་ཉིད་སྒང་བུ་ཆེན་པོ་ཞིག་ལ་བཏགས་པའི་སྒམ་གྱི་ནང་བསྡད་ཐོག ལྕགས་བུམ་ཞིག་གི་ནང་མེ་བླུགས་ཏེ་སྒང་བུའི་ནང་གི་རླུང་ཚ་པོ་བཟོ་བའི་བྱ་ཐབས་སྤྱད་པ་རེད། དེ་ལྟར་བྱས་པ་ལ་བརྟེན་ནས་སྒང་བུ་དེ་ཉུང་མཐར་མཐོ་ཚད་ཕུ་ཊི་གསུམ་བརྒྱའི་སར་(མི་ཊར་ ༩༡)ལྡིང་ཐུབ་ཀྱི་ཡོད་པ་རེད།
      སྒང་བུར་བརྟེན་ནས་འཕུར་ཐབས་བྱེད་པའི་བྱ་ཐབས་དེས། གནས་སྐབས་གཅིག་རིང་གནའ་བོའི་མིའི་རེ་འདུན་གྱི་རྨི་ལམ་མཛེས་པོ་དེ་དོན་དང་ལྡན་པ་བྱུང་ནའང༌། སྒང་བུ་ནི་རླུང་གི་རྒྱུ་ཕྱོགས་ཀྱི་གནོན་ཤུགས་འོག་ཁ་ཕྱོགས་ངེས་མེད་དུ་འགྲོ་བ་ལས་མིས་སྟངས་འཛིན་བྱེད་ཐུབ་ཀྱི་
མེད་སྟབས། གསར་གཏོད་པ་ཚོས་ང་ཚོ་བྱའི་རིགས་ལ་དཔེ་བལྟས་ཏེ་རང་ཉིད་ཀྱིས་སྟངས་འཛིན་ཆ་ཚང་བྱེད་ཐུབ་པའི་འཕུར་ཆས་ཤིག་བཟོ་ཆེད་འབད་བརྩོན་བྱས་པ་རེད།
          གྲོགས་པོ་ཆུང་ཆུང་ཚོ། ཁྱེད་ཚོས་ངའི་གཤོག་པར་གཅིག་གཟིགས་དང༌། ངའི་གཤོག་པ་གཉིས་ནི་གུག་དབྱིབས་ཅན་ཡིན་ཞིང༌། གུག་དབྱིབས་ཅན་གྱི་གཤོག་པ་འདིའི་འོག་ཏུ་རྒྱུ་བའི་རླུང་ལས། ངོས་རྣམས་སུ་རྒྱུ་བའི་རླུང་རྣམས་མགྱོགས་ཚད་མྱུར་བ་ཡོད་ཅིང༌། མྱུར་ཚད་མགྱོགས་པའི་རླུང་ལས་མྱུར་ཚད་དལ་བའི་རླུང་རྣམས་འདེགས་ཤུགས་ཆེ་བ་ཡོད། དེར་བརྟེན་ངའི་གཤོག་པའི་འོག་གི་འདེགས་ཤུགས་ཆེ་བའི་རླུང་རྣམས་ཀྱིས་ངའི་ལུས་པོ་དགུང་དུ་འདེགས་ཐུབ་པ་བྱུང་བ་རེད།
           ཕྱི་ལོ་ ༡༧༩༩ ལོར་དབྱིན་ཇིའི་བཟོ་སྐྲུན་ཆེ་མོ་བ་སྐུ་ཞབས་ འཇོར་ཇི༌ ཁེ་ལའི་(George Cayley)ཞེས་པ་ཞིག་གིས་གུག་དབྱིབས་ཅན་གྱི་གཤོག་པ་ཡོད་པའི་འཕུར་ཆས་ཤིག་བཟོས་པ་དེའི་མིང་ལ་ གྷེ་ལའི་ཌར་(Glider བོད་སྐད་དུ་ལྡིང་བྱེད་ཟེར། རླུང་ནང་ལྡིང་བས་སོ།།)ཟེར། དེ་མིན་འཇར་མན་གྱི་བཟོ་སྐྲུན་ཆེ་མོ་བ་མིང་ལ་ ཨོ་ཊི་ཁྲུ་ ལའི་ལིན་ཏལ་ (Otto Lilienthal)ཞེས་པ་དེས་ལོ་མང་རིང་ གྷེ་ལའི་ཌར་ ཚད་ལྡན་ཞིག་བཟོ་སྐྲུན་བྱེད་ཆེད་འབད་བརྩོན་བྱས་ཤིང༌། ཁོང་གིས་བཟོས་པའི་འཕུར་ཆས་དེ་ནི། གཤོག་པ་ཆེ་ལ་ཡང་བ་ཞིག་གི་དབུས་སུ་རང་གི་ལུས་པོ་དཔྱངས་ནས་ལུས་པོས་ཕར་རྒྱུ་ཚུར་རྒྱུ་བྱས་ཏེ་སྟངས་འཛིན་བྱེད་པ་ཞིག་ཡིན།
            ཨོ་ཊི་ཁྲུ་ ལའི་ལིན་ཏལ་ གྱི་འཕུར་ཆས་གསར་བཟོའི་ཆེད་ཚོད་ལྟ་བྱེད་པའི་གནས་ཚུལ་དེ། ཨ་རིའི་བཟོ་སྐྲུན་ཆེ་མོ་བ་ ཨོག་ཊེབ༌ ཅ་ནུ་ཊི་ (Octave Chanute)ཞེས་པས་ཐོས་ཏེ། ཁོང་གིས་ ལའི་ལིན་ཏལ་ གྱི་གྲུབ་འབྲས་ཀྱི་རྨང་གཞིའི་ཐོག་གཤོག་པ་གཉིས་ཅན་གྱི་འཕུར་ཆས་ཤིག་ཏུ་ཡར་རྒྱས་བཏང་བ་དེ་འཕུར་ཐེངས་ཁ་ཤས་ནང་ལེགས་སྒྲུབ་ཡག་པོ་བྱུང་བ་རེད།
         

ཐོག་མར་མི་ཚོས་འཕུར་ཆས་བཟོ་སྐབས། ང་ཚོ་བྱ་དང་བྱིའུ་ཚོས་དེ་ནི་གླེན་རྟགས་དང་སྒྲུབ་ཐབས་མེད་པ་ཞིག་རེད་སྙམ་ནས་ཁྲེལ་བགད་བྱེད་མྱོང་ནའང༌། མི་ཚོས་འབད་བརྩོན་རིམ་པར་བྱས་ཏེ་དངོས་སུ་འཕུར་ཐུབ་དུས། ང་ཚོ་བྱའི་རིགས་ཚང་མ་ཧང་ནག་པོ་སངས་བྱུང༌། དེ་བས་ཀྱང་ཧང་སངས་དགོས་པ་ཞིག་ནི༌། མི་ཚོས་གྲུབ་འབྲས་དེ་ཙམ་བྱུང་ནའང་ང་ཚོ་བྱའི་རིགས་ཀྱི་ཐག་རིང་གི་འཕུར་བསྐྱོད་ལ་ད་དུང་ཡང་དཔེ་ལྟ་བཞིན་ཡོད་པ་དེ་རེད། རྒྱུ་མཚན་ནི་ཁོང་ཚོས་ང་ཚོ་ཁྲུང་ཁྲུང་ནང་བཞིན་རྒྱང་ཐག་རིང་པོར་འཕུར་འདོད་ནའང་གོང་གསལ་འཕུར་ཆས་རྣམས་ཀྱིས་རྒྱང་ཐག་རིང་པོར་འཕུར་ཐུབ་ཀྱི་མེད་སྟབས། ཐག་རིང་དུ་འཕུར་ཐུབ་པའི་འཕུར་ཆས་ཤིག་གསར་གཏོད་བྱེད་རྒྱུའི་འབད་བརྩོན་ནམ་ཡང་ལྷོད་མྱོང་མེད་པ་རེད།
         ༡༩༠༠ ལོར་མི་ཚོས་རྨི་ལམ་ནང་རྨིས་བཞིན་པའི་འཕུར་ཆས་དེ་དངོས་སུ་འབྱུང་འགོ་ཚུགས་པ་རེད། དེ་ཡང་ ཝིལ་སྦོར་ རག་ཊི་ དང༌། ཨོར་ཝི་ལི་ (Wilbur Wright & Orville)ཞེས་པའི་རྐང་འཁོར་བཟོ་མཁན་བུ་སྤུན་གཉིས་ཀྱིས་ བྱང་ཁ་རོ་ལི་ན་ ཡི་ ཡུལ་ ཀི་ཊིའི་ ཧག་ ཅེས་པའི་ཉེ་འགྲམ་དུ་འཕུར་ཆས་ཤིག་ཚོད་ལྟ་བྱེད་འགོ་བཙུགས་ཤིང༌། དེ་ཡང་ཝིལ་སྦོར༌ རག་ཊིས་དེ་སྔོན་ནས་འཕུར་ཆས་ནམ་མཁར་འཕུར་སྐབས་སྟངས་འཛིན་བྱེད་སྟངས་ཐོག་འབད་བརྩོན་བྱེད་མྱོང་ཡོད་པ་རེད།
         ཁོང་སྤུན་གཉིས་ཀྱིས་འགུལ་ཤུགས་ཅན་གྱི་གྷེ་ལའི་ཌར་རམ་གནམ་གྲུ་ཞིག་བཟོ་ཐབས་ཐོག་དམིགས་བསལ་དོ་སྣང་བྱས་ཏེ་གནམ་གྲུའི་གཤོག་པའི་དབྱིབས་འདྲ་མིན་སྣ་ཚོགས་བེད་སྤྱོད་ཀྱིས་ཚོད་ལྟ་བྱས་པ་མ་ཟད། སྐུད་འཁེལ་ཕང་ལོ་ལྟ་བུའི་རང་འཁོར་འབུད་འདེད་སྒྲོ་གཤོག་(Propeller)གིས་གནམ་གྲུའི་གཤོག་པར་ཕན་གྲོགས་སྣོན་མ་བྱེད་ཐུབ་ཀྱི་ཡོད་པ་ཤེས་ཏེ། འབུད་འདེད་སྒྲོ་གཤོག་སྐོར་བ་འཁོར་ཐུབ་པའི་ཆེད་དུ་སྣུམ་སྤྱོད་འཕྲུལ་ཆས་ཤིག་ཀྱང་བཟོས་པ་རེད། དེ་ལྟར་ཁོང་གཉིས་ཀྱིས་མིང་ལ་ ཕེ་ལའི་ཡར་(Flyer བོད་སྐད་དུ། འཕུར་བྱེད་དམ་འཕུར་མཁན་ཟེར།)ཞེས་པའི་གནམ་གྲུ་ཞིག་བཟོ་ཐུབ་པ་བྱུང་བ་རེད།
           ༡༩༠༣ ལོའི་ཟླ་ ༡༢ པར་ཁོང་གཉིས་ཀྱི་གནམ་གྲུ་དེ་ ཀི་ཊིའི་ ཧག་ ལ་འཁྱེར་ཏེ་དེར་ཕི་ཊི་ ༦༠ (མི་ཊར་༡༨)ཅན་གྱི་ལམ་ཞིག་བཟོས་པ་མ་ཟད། དེའི་ཐོག་འཁོར་ལོ་ཅན་གྱི་སྡིངས་ཆ་
ཞིག་ཀྱང་གསར་བསྐྲུན་བྱས་ཏེ་གནམ་གྲུ་དེའི་ཐོག་བསྒྲིགས་མཐར། ཨོར་ཝི་ལིས་ གནམ་གྲུའི་གཤོག་
པ་འོག་མའི་ཐོག་ནར་སྟབས་སུ་བསྡད་དེ། འབུད་འདེད་སྒྲོ་གཤོག་གྱི་འུར་སྒྲའི་ཁྲོད་དུ་མཐོ་ཚད་ཕི་ཊི་བཅུའི་(མི་ཊར་ ༣ )མཁའ་དབྱིངས་སུ་འཕུར་བ་རེད། དེ་ནི་རང་གི་འགུལ་ཤུགས་འོག་ཐེངས་དང་པོར་མཁའ་དབྱིངས་སུ་འཕུར་བའི་གནམ་གྲུ་ཐོག་མ་དེ་ཡིན་པ་མ་ཟད། འགྲོ་བ་མིའི་རྨི་ལམ་དོན་དངོས་སུ་འགྱུར་བ་ཞིག་ཀྱང་རེད། ད་ཆ་མི་ཚོས་ཐད་འཕུར་གནམ་གྲུ་དང༌། འགྲུལ་སྐྱེལ་གནམ་གྲུ། དམག་སྤྱོད་གནམ་གྲུ་སོགས་གཅིག་ལས་གཅིག་ལེགས་པའི་གནམ་གྲུ་སྣ་ཚོགས་བཟོ་ཐུབ་ཡོད་ཀྱང༌། ངའི་སེམས་ནང༌། གནམ་གྲུ་ཡག་ཤོས་དེ་ནི་ད་དུང་ཡང་ང་ཚོ་བྱ་དང་བྱིའུ་རྣམས་ཡིན་བསམ་གྱི་འདུག རྒྱུ་མཚན་ནི་ང་ཚོ་གང་དུ་འཕུར་འདོད་ནའང་འཕུར་ཆོག་ཅིང༌། གང་དུ་འབབ་འདོད་ནའང་བབས་ཆོག་པ་ལས་ཁྱེད་ཚོ་མིས་བཟོས་པའི་གནམ་གྲུ་ནང་བཞིན་རྙོག་གྲ་གང་ཡང་མེད་པས་རེད། དེར་བརྟེན་ཧམ་པ་ཆེན་པོའི་ཐོག་ནས་བཤད་ན། ཁྱེད་ཚོའི་སྤོ་ལགས་ཀྱི་སྤོ་ལགས་ཚོའི་རྨི་ལམ་ནང་གི་གཤོག་པ་དེ་ད་དུང་ཡང་ཡོངས་སུ་བསྒྲུབ་ཐུབ་མེད་པས། ཁྱེད་ཚོ་དངོས་གནས་ང་ཚོ་ཁྲུང་ཁྲུང་ལྟར་འཕུར་འདོད་ཡོད་ན། བསམ་བློ་དེ་སྙིང་ལ་ཉར་ནས་རྨི་ལམ་མུ་མཐུད་ཐོངས་དང༌། ཉིན་གཅིག་ཁྱེད་ཚོས་ང་ཚོ་ནང་བཞིན་འཕུར་ཐུབ་པའི་གསར་གཏོད་ཅིག་བྱེད་ཐུབ་སྲིད༌།། །།

གལ་ཏེ་དེ་འདྲ་ཞིག་བྱུང་ན།


༅༅།། གསར་གཏོད་པ་ཚོས། གལ་ཏེ་དེ་འདྲ་ཞིག་བྱུང་ན། ཞེས་པའི་ཚིག་འདི་དང་མཉམ་དུ་ཐོག་མར་ཉི་མོའི་རྨི་ལམ་གཏོང་བ་སྟེ། གལ་ཏེ་ང་བྱིའུ་ནང་བཞིན་འཕུར་རྒྱུ་བྱུང་ན། གལ་ཏེ་ངས་མཐོ་ཚད་ཕུ་ཊི་བརྒྱ་ཕྲག་བརྒལ་བའི་ཁང་པ་ཞིག་བསྐྲུན་ཐུབ་ན། འདི་ལྟར་གསར་གཏོད་པས་ཉི་མོའི་རྨི་ལམ་དང་འདྲ་བའི་སྟོང་བསམ་གཏོང་མཚམས་མི་འཇོག་པའི་ཐོག རྨི་ལམ་དོན་དངོས་སུ་བསྒྱུར་བའི་ཆེད་དུ་འབད་བརྩོན་བྱེད།
      ཐོག་མར་བསམ་གཞིགས་ལན་མང་དུ་བྱས་རྗེས་བསམ་ཚུལ་གསར་པ་ཞིག་བྱུང་བ་དང་གསར་གཏོད་པ་ཚོས་དེ་ལམ་སེང་ཡི་གེར་འགོད་པ་མ་ཟད། བསམ་ཚུལ་དེ་མངོན་དུ་འགྱུར་བའི་ཆེད་དུ་སློབ་སྦྱོང་དང་ཚོད་ལྟ་སྣ་ཚོགས་བྱེད་པ་རེད། དེ་ལྟར་བྱས་པའི་འབྲས་བུར་སྐབས་རེ་ལེགས་གྲུབ་ཡོང་གི་ཡོད་ཀྱང༌། མང་ཆེ་བ་ཕམ་ཉེས་སུ་འགྲོ་ཡི་ཡོད། ཡིན་ནའང་གསར་གཏོད་པ་ཚོས་ནམ་ཡང་འབད་བརྩོན་བྱེད་མཚམས་འཇོག་གི་མེད། འདི་ལྟར་ངང་རྒྱུད་རིང་པོའི་འབད་བརྩོན་བྱས་པ་བརྒྱུད། དཀའ་ངལ་ཤིན་ཏུ་མང་པོ་ཁྲོད་དུ་རླུང་རྟ་ཕྲན་བུ་ལ་བརྟེན་ཏེ་གསར་གཏོར་ཀྱི་ལྗོན་ཤིང་དེ་འཇིག་རྟེན་འདིར་འཁྲུངས་པ་ཡིན།། །།