2011-07-20

ས།


༅༅།། ཁྱེད་ཀྱིས་མཁྱེན་གསལ་བཞིན་སའི་གོ་ལའི་ཕྱི་པགས་ནི་ས་ལས་གྲུབ་ཅིང༌། དེའི་མཐུག་ཚད་ལ་མི་ལི་མི་ཊར་ཁ་ཤས་ནས་མི་ཊར་གསུམ་བཞི་བར་བཅས་སྲབ་མཐུག་སྣ་ཚོགས་ཡོད། སྤྱི་ཡོངས་ནས་བཤད་ན་དེའི་གྲུབ་ཆར་ཧ་ཅང་ཞིབ་པའི་རྡོ་དང་སྔོ་ལུད།(Humus) རླུང༌། ཆུ་བཅས་ཡོད། སའི་གོ་ལའི་ཐོག་ཚེ་སྲོག་འཚོ་གནས་ཐུབ་པར་ས་ནི་མེད་དུ་མི་རུང་བ་ཞིག་སྟེ། སྐྱེ་དངོས་འཚར་སྐྱེད་ཡོང་བར་ས་དགོས་ལ། སྐྱེ་དངོས་ཀྱི་འཚོ་བཅུད་དང་ཆུ་གཉིས་ཀྱི་རྩ་བའི་འབྱུང་ཁུངས་ཀྱང་ས་ཡིན།
 
       ཁྱེད་ཀྱིས་སའི་གོ་ལ་དང་དེའི་ཐོག་གི་ཚེ་སྲོག་གི་སྐོར་འཛིན་རིམ་སྔོན་མ་ཁག་གི་ནང་སྦྱངས་ཟིན་པ་རེད། སློབ་ཚན་འདིའི་ནང་ཁྱེད་ཀྱིས་སའི་གྲུབ་ཚུལ་དང་གྲུབ་ཆ། སའི་ཆགས་རིམ། མི་དང་སྲོག་ཆགས། སྐྱེ་དངོས་བཅས་པར་ས་གལ་གནད་ཆེ་ཚུལ་བཅས་ཀྱི་སྐོར་སློབ་སྦྱོང་ཐུབ་རྒྱུ་རེད། དེ་བཞིན་ས་རུད་དང་ས་བཅུད་ཉམས་རྐྱེན་དང་འགོག་ཐབས་བཅས་པའི་སྐོར་ཡང་འཆད་རྒྱུ་ཡིན།།

༡ ས་གྲུབ་ཚུལ།
            ཁྱེད་ཀྱིས་ས་གྲུབ་པའི་བརྒྱུད་རིམ་ཚོད་དཔག་ཐུབ་པ་འདུག་གམ། ས་གྲུབ་ཚུལ་གྱི་སྒྲུང་སྣ་ཚོགས་ཡོད་པ་ནི་སའི་གོ་ལའི་ཐོག་སྲོག་ཆགས་འཕེལ་འགྱུར་བྱུང་ཚུལ་དང་འདྲ་བར་སྤྲོ་བ་འཕེལ་དགོས་པ་ཞིག་རེད། སའི་ཆགས་རིམ་དེ་གའི་འོག་ཏུ་སྲ་ཞིང་མཁྲེགས་པའི་རྡོའི་ངོས་ཡོད་ཅིང༌། སྔ་མོ་ས་ཡོམ་ལྟ་བུའི་དྲག་འགུལ་རང་བཞིན་གྱི་རང་བྱུང་གནས་ཚུལ་མང་པོ་བྱུང་བར་བརྟེན་རྡོ་ཆེན་འདི་རིགས་དུམ་བུ་ཆུང་ངུ་མང་པོར་གས་ཆག་ཕྱིན་ཞིང༌། འདི་ལྟར་རང་བྱུང་གི་གནས་ཚུལ་ལ་བརྟེན་ནས་རྡོ་དང་དེ་མིན་གྱི་དངོས་པོ་མང་པོ་དུམ་བུ་ཆུང་ངུར་གས་ཆག་སོང་བ་ལས་སའི་གོ་ལའི་སྟེང་ངོས་ཀྱི་སའི་ཆགས་རིམ་དེ་གྲུབ་འགོ་ཚུགས། ཆག་ཧྲུག་འདི་དག་ཀྱང་ཆར་པ་དང༌། གངས། རླུང་འཚུབ། འཁྱགས་རོམ། རྒྱུག་ཆུ་བཅས་གནམ་གཤིས་ཀྱི་འགྱུར་བ་ལ་བརྟེན་ནས་མུ་མཐུད་ཇེ་ཞིབ་ཏུ་འགྲོ། དེ་ལྟར་རྡོ་ཞིབ་རྣམས་སར་གྱུར་བྱེད་ཀྱི་ཕྱེ་མ་ཧ་ཅང་ཞིབ་མོར་གྱུར་པར་ལོ་ངོ་སྟོང་ཕྲག་མང་པོ་འགོར་གྱི་ཡོད།