2013-05-25

འོད། ང་ཡི་ཕ་ཡུལ།


(༢༠༡༣ ལོའི་ས་ག་ཟླ་བའི་ཚེས་ཆེན་ ༡༥ ལ་བྲིས།)

ཁྱེད་རང་རི་རྒྱལ་ལྷུན་པོ་རེད།
ཁྱེད་རང་མཐའ་ཡས་རྩྭ་ཐང་རེད།
ཁྱེད་རང་ཁུ་བྱུག་མགྲིན་གླུ་རེད།
ཁྱེད་རང་ང་ཡི་ཕ་ཡུལ་ཡིན།།

ང་རང་ལམ་ཞུགས་འགྲུལ་པ་ཡིན།།
ང་རང་བཀྲེས་ལྟོགས་སྤྱང་ཀི་ཡིན།།
ང་རང་མུན་དགའི་འུག་པ་ཡིན།། 
ངའི་སྙིང་ཁྱེད་ཀྱི་པང་དུ་ཡོད།། 


ཁྱེད་སྐུའི་རི་རྒྱལ་པང་ཁ་རུ།།
སྤྱང་ལྟོགས་ང་ཡིས་ཅི་ཞིག་བསད།།
ཁྱེད་ཐུགས་རྩྭ་ཐང་ཡངས་པོ་ནས།
ཇག་པ་ང་ཡིས་ཅི་ཙམ་འཕྲོག

གསུང་སྙན་ཁུ་བྱུག་མགྲིན་གླུ་དེར།།
འུག་པ་ང་ཡིས་ཅི་ཙམ་སྡང་།།
ངོ་ཚ་བོར་བའི་སྙིང་ཁ་འདིར།།
སྙིང་རྗེའི་རྒྱ་མཚོའི་སྐབས་མི་འདུག །

ཁོ་བོ་འདི་ནས་མུ་མཐུད་འགྲོ།།
ཇི་སོང་ཁྱེད་སྤྱན་གྱིས་གཟིགས་ཨང་།།
ཁོ་བོས་འདི་ལྟར་དུག་གསུམ་འཐུང་།།
ཇི་བཏུང་ཁྱེད་བརྩེ་དེར་ཟབ་ཨང་།།



ཉི་མར་ཉེ་སའི་རི་རྩེ་དེར།།
བསང་དྲི་འཐུལ་སའི་ལ་རྩེ་དེར།།
བརྩེ་བ་ཟབ་པའི་ཕ་ས་དེར།།
ང་རང་ཉིན་གཅིག་སླེབས་སྲིད་དམ།། །།

No comments:

Post a Comment