2013-05-09

འཛུམ་མདངས་འོག་གི་ཁྲོ་གཉེར།

སྐུད་པ་གྲངས་མེད་དང་འདྲ་བའི།།
ཆར་ཐིགས་འབབ་ས་འདི་ཡིན་ན།།
འཇའ་འོད་གུར་ཁང་གི་རྒྱབ་ལ།།
ང་ཡི་གསང་གུར་དེ་ཕུབ་ཡོད།།
ཁ་དང་གཏིང་།

ཁྱུང་དཀར་མཛོ་མོ་དང་འདྲ་བའི།།
སྦྲ་གུར་ཆུང་ཆུང་དེ་ཡིན་ན།།
དད་པའི་ཐང་ག་དེའི་རྒྱབ་ན།།
རྒྱབ་འགལ་ཡི་གེ་ཡིས་བཀང་ཡོད།།
 
སྤྲིན་པ་བན་བུན་དང་འདྲ་བའི།།
རླངས་པ་འཐུལ་ས་དེ་ཡིན་ན།།
ཇ་དྲི་ཞིམ་པོ་དེའི་འགབ་ན།།
ཆང་དྲི་ངར་མ་ཡིས་བརླམས་ཡོད།།

མཆོད་ཡུལ་མདོ་སྡེ་དང་འདྲ་བའི།།
བཀྲ་ཤིས་བདེ་ལེགས་དེ་ཡིན་ན།།
ཁ་ཡག་ངོ་དགའ་ཡི་གསེང་དུ།།
ངན་སེམས་དུག་ཆེན་དེ་སྦས་ཡོད།།

སྲུང་མའི་ཞལ་རས་དང་འདྲ་བའི།།
འཇིགས་འཇིགས་རྔམ་རྔམ་དེ་ཡིན་ན།།
དཔའ་རྟགས་འཁོར་གསུམ་དེའི་བར་ན།།
སྡར་མའི་གྲ་ལོ་དེ་འབར་ཡོད།།

ཁོ་བོའི་གསང་རྣམ་གྱི་གུར་དེ།།
དམར་པོའི་མེ་ལྕེ་དང་འདྲ་ཡོད།།
བཅོས་མའི་བདུག་སྤོས་དེ་བསྲེགས་ན།།
མ་བཅོས་དྲི་ཞིམ་ཞིག་འཐུལ་ཡོང་།།

ཁོ་བོའི་མི་གཤིས་ཀྱི་ཐབ་དེ།།
སྔོན་མོའི་ཆུ་གཞུང་དང་འདྲ་ཡོད།།
བདེན་པའི་ཤ་རྙིང་དེ་བཀྲུས་ན།།
རྫུན་མའི་རུལ་དྲི་ཞིག་ཁ་ཡོང་།།

ཁོ་བོའི་གཏམ་བཤད་ཀྱི་ཆོན་ཐག
སྲ་མོའི་ས་གཞི་དང་འདྲ་ཡོད།།
ཁྱེད་ལ་དགོས་པ་ཞིག་འཚོལ་དང་།།
མ་དགོས་མང་མང་ཞིག་བརྙེད་ཡོང་།།

ཁོ་བོའི་ཡིད་སེམས་ཀྱི་ཀ་བ།།
ཡང་བའི་རླུང་བུ་དང་འདྲ་ཡོད།།
དྲི་ཞིམ་འགྲོ་རོགས་སུ་བླངས་ཡོད།།
ལོ་མ་འཕུར་རོགས་སུ་བསྟེན་ཡོད།།

ཁོ་བོའི་ཕུགས་མདུན་གྱི་མཆོད་མེ།།
མཐའ་ཡས་ནམ་མཁའ་དང་འདྲ་ཡོད།།
བགྲང་ཡས་བྱིའུ་ཆུང་ཚོ་འཕུར་ཆོག
བསམ་ཡས་གཤོག་རླབས་དེ་ངོམ་ཆོག །།

No comments:

Post a Comment