2013-06-26

སྙིང་གི་འཕར་རྩས་མཚོན་པ།

སྙིང་གི་འཕར་རྩས་མཚོན་པའི་རི་བོ་འདི།།
ཇི་ཙམ་བརྟན་ཀྱང་ན་བུན་སངས་དུས་བྲལ།།
རླུང་ནང་མར་མེས་མཚོན་པའི་མེ་ཏོག་དག །
ཇི་ལྟར་མཛེས་ཀྱང་དེ་ལྟར་མི་རྟག་ཉིད།།

ཆུ་འགྲམ་རྐང་རྗེས་ཟུབ་ངེས་ཁོ་བོས་ཤེས།།
ཆང་གི་མངར་ཁར་སྐྱུར་རྩི་འདྲེས་པའང་རྟོགས།།
ཁས་ལེན་དམ་བཅས་མནན་པའི་སྙན་ངག་རྣམས།།
ཞག་པོ་གཅིག་ལ་འགྱུར་སྙམ་ཡིད་ལ་མེད།།

སྐད་ཅིག་གཅིག་ལ་བཅད་པའི་འབྲེལ་ཐག་འདི།།
ལོ་ངོ་ཟླ་ངོར་རིང་བ་སུ་ཡིས་ཤེས།།
ཆུ་ཆེན་ཐོག་གི་ཤིང་ཟམ་ཐབས་སྡུག་འདིས།།
ནམ་ཕུགས་འཁྱོལ་བའི་ཡིད་ཆེས་སྔར་ནས་མེད།།

ཁ་སང་རྨིས་པའི་རྨི་ལམ་ཡུན་གཅིག་ནང་།།
ལོ་མ་ལྗང་ཁུའི་འཇམ་ཤར་དགའ་ཞིང་བརྩེ།།
དེ་རིང་ཐུག་པའི་ཟ་པོའི་ལོ་མ་དེས།།
རུས་ལ་ཐུག་པའི་ཟུག་རྔུ་དྲག་ཏུ་བསླངས།།

བྲལ་སྤངས་ཁ་པར་དེ་ལ་བལྟ་བཞིན་པར།།
དུས་ཚོད་མང་པོ་འཕྲོ་བརླག་བཏང་བ་རྟོགས།།
ད་ནི་ཁྱེད་རང་མེད་པའི་འཇིག་རྟེན་འདིར།།
རང་ལ་ཡོད་པའི་ནུས་པ་འདོན་དགོས་ཤེས།།

ཉི་མ་སྔར་བཞིན་སང་ཉིན་འཆར་ངེས་རེད།།
དབྱར་ཟླ་སྔར་བཞིན་མྱུར་དུ་རྫོགས་ངེས་རེད།།
སུས་ཀྱང་དཔོག་ཐབས་བྲལ་བའི་གཏམ་བརྒྱུད་དེ།།
རི་བོ་ཡིན་ཡང་སྨུག་པས་བསྒྲིབས་ངེས་རེད།། །།

3 comments:

  1. This comment has been removed by the author.

    ReplyDelete
  2. བཀླགས་ཟིན།

    ReplyDelete
  3. བྲོ་བ་དམིགས་བསལ་འདུག སྐྱོ་སྣང་ཞིག་ཀྱང་བྱུང་། ཁྱེད་རང་གི་སྙན་ངག་དེ་ཚོ་གཙང་ཆུ་ནང་བཞིན་རེད། སེམས་པ་བརླན་གྱི་འདུག བློ་བསྟན་གྱིས་ཕུལ།།

    ReplyDelete