2013-07-04

གངས་སྒུག་རྩྭ་ལྗང་།

ཉི་འོད་དང་དྲོད་གཤེར་གྱི་བར་ནས།
ང་ལ་མཁོ་བ་དེ། གངས་མ་རེད་ཟེར་ཡང་། ངས་གངས་ལ་སྒུག་བཞིན་ཡོད།
 

ཆར་ཐིགས་དང་འོད་ཐིགས་ཀྱིས་སྙིང་ཁར་སིམ་ས་ན།
སྐྱུར་སིར་སིར་དུ་བསྐྱུར་བ་འདི་བརྩེ་དུང་ཨེ་རེད།

རླུང་བུ་འཇམ་ཡང་ངས་བལྟ་མི་སྲིད་ལ། ཉི་འོད་ཚ་ཡང་ངས་འཁངས་མི་སྲིད།

དབྱར་གཞུང་དུ་གངས་ལ་སྒུག་པ་འདི་ནོར་ཡང་ངས་མུ་མཐུད་དེ་སྒུག་གིན་ཡོད།

ནམ་ཞིག དུས་ནམ་ཞིག དཀར་ལྷབ་ལྷབ་ཀྱི་ཁ་བའི་འདབ་མས། ངའི་ལྗང་གཟུགས་ལ་རེག་སྟེ།
གྲང་ངད་ཀྱི་སྟ་རེ་དང་། བརྩེ་མེད་ཀྱི་ངར་ཁས་ང་བསད་ཀྱང་།
གངས་དང་འཕྲད་པའི་སྐད་ཅིག་མའི་ཚོར་བ་དེ། ངས་སེམས་ཁོང་དུ་ཉར་ངེས་ཡིན། དུས་གཏན་དུ།

དེ་ནས་ང་རང་བཞུད་འགྲོ། 

གངས་ཆུ་བཞིན། 
        ཉི་ཐིགས་ལྟར། 
               རླུང་ཡན་བཞིན།
              __དབྱར་རྗེས་མར་གདུག་རྩུབ་ཀྱི་མཇལ་ཁ་དེ་ཡང་བསྐྱར་ཞུ་ཆེད། 



3 comments:

  1. དབྱར་ཁའི་རྩྭ་ལྔང་གིས། དགུན་དུས་ཀྱི་གངས་ལ་བསྒུགས། གངས་དང་འཕྲད་དུས་རྩྭ་འཆི་རྒྱུ་རེད། འོན་ཀྱང་རྩྭ་ཡིས་དེ་ལ་སེམས་ཁྲལ་མི་བྱེད། ཅི་འདྲའི་སྒྲོམ་གཞི་མཛེས་པའི་སྙན་ངག་ཅིག ཅི་འདྲའི་བློས་གཏོང་ཆེ་བའི་བརྩེ་སེམས་ཤིག སྙན་ངག་འདི་ལ་ང་དགའ་སོང་། གྲོགས་མིང་བློ་བསྟན་གྱིས།

    ReplyDelete
  2. མཁས་དབང་ཆུང་ཚེ་རིང་ལགས་ཀྱི་ལྗགས་རྩོམ་ལ་དངོས་གནས་ཉམས་འགྱུར་དང་བྲོ་བ་ཡོད། སྐུ་ཉིད་ཀྱི་སྒྲུང་རྩོམ་“འཁྱམ་པོ་ཁ་དོག་མེད་པའི་འཚོ་བ”དེ་རག་ཐབས་ཡོད་ན་ལམ་སྟོན་ཞིག་གནང་རོགས།
    ཁྱེད་ཀྱིས་ལྗགས་རྩོམ་མཉམ་དུ་པར་འཇོག་སྟངས་དེ་ཅུང་ཙམ་མཐོང་བདེ་པོ་མི་འདུག ཡིག་ཕྲེང་གང་ཞིག་ཏུ་པར་འཇོག་དགོས་ཚེ་དེར་ཙི་རྟགས་གནོན་ཏེ་པར་བླངས་རྗེས། ཡང་སྐྱར་པར་སྟེང་དུ་ཁེར་གནོན་གནང་ན་གཤམ་ནས་གཡས་དང་གཡོན། དཀྱིལ། ཆེ་ཆུང་སོགས་གདམས་ཡུལ་འཆར་རྒྱུ་རེད། དེ་ཚོ་གང་དགོས་གནོན་ན་སྐུ་ཉིད་ནས་པར་དེ་གང་འདོད་དུ་འཇོག་ཐུབ་རྒྱུ་འདུག

    ReplyDelete
  3. དགོངས་འཆར་དང་ལམ་སྟོན་ཐད་ཀར་གནང་བར་ཐུགས་རྗེ་ཆེ། འཁྱམས་པོ། ཁ་དོག་མེད་པའི་འཚོ་བ་ཞེས་པའི་སྒྲུང་དེ། ཉིན་ཤས་ནང་དྲ་ལམ་དུ་འཇོག་ཐབས་ཞུས་ཆོག

    ReplyDelete