2013-07-23

དར་དཀར་སྔོན་གྱི་དམ་ཚིག

པི་ཝང་རྟ་མགོས་དྲངས་པའི་དབྱངས་ཀྱི་རྟས།།
བོད་སོག་མཉམ་སྦྲེལ་ལོ་རྒྱུས་མཁའ་ནས་དྲངས།།
རྒྱལ་བསྟན་ལ་རྒྱ་མཐུན་པའི་དྲི་བསུངས་དེ།།
ལུག་ཤའི་མོག་མོག་བཞིན་དུ་སྙིང་ཁར་ཞིམ།།

རྩྭ་ཐང་ཕྱེད་དང་བྱེ་ཐང་ཕྱེད་ཅན་གྱི།།
ལ་རྒྱབ་དེ་ནས་ཀི་སྒྲ་འུར་འུར་ངང་།།
རྟ་དམག་བྱེ་བས་སུམ་གཉིས་ས་ཡི་ཁྱོན།།
རྨིག་པས་བཟུང་བའི་དཔའ་སྐད་ང་ཡིས་ཚོར།།

ཤ་ཆང་མར་གྱི་རོ་ཡིས་མ་ཚིམ་པར།།
ཅི་ཞིག་འཚོལ་བའི་སྙིང་དེ་རི་སྤྱང་བཞིན།།
རྒོད་མའི་ཆང་གིས་རབ་མྱོས་སྙིང་ཆེན་དེ།།
སུ་ཞིག་སྒུག་པ་དགུན་གྱི་རྩྭ་ཐང་བཞིན།།



རྨུ་རྒོད་རི་རྩེར་འགྱིངས་པའི་མེས་པོའི་བླ།།
སྒོར་སྒོར་གུར་ནང་ཉལ་བའི་གཞོན་པའི་སྙིང་།།
ཡངས་པའི་ཐང་ན་བརྩེན་པའི་བྱིས་པའི་སེམས།།
བྱེ་ཐང་རྡོ་ཕུང་རུ་དར་རལ་གྲིར་མཚུངས།།

ཁྲུང་ཁྲུང་ཁྱུ་ཚོགས་མཉམ་དུ་འཕུར་བའི་སེམས།།
ཏི་སིའི་གངས་བཞིན་དཀར་བའི་དཔལ་གྱིས་བརྗིད།།
མཐའ་ཡས་རྩྭ་ཐང་ཁྱོན་ལ་འཇམ་རོལ་གྱིས།།
དཔག་ཡས་ཁྱབ་པའི་མཛད་བཟང་མཁའ་དང་མཉམ།།

རྔ་མོང་བྱེ་རླུང་བརྒལ་བའི་འཕགས་པའི་འཕྲིན།།
ལ་དགུ་ཀླུང་དགུ་འགྲིམས་པའི་ཇིང་གེར་དམག །
ཞི་བའི་ཞི་བ་དྲག་པོའི་དྲག་པོ་སྟེ།།
མེ་ཆུ་མཉམ་དུ་སྦྲེལ་བའི་ལ་རྒྱ་བརྟན།།

གུར་ཆུང་དྲོན་མོར་དམ་ཆོས་པུ་ཏི་བརྩེགས།།
དཔའ་བོའི་མཁར་ན་བླ་མའི་བཞུགས་ཁྲི་བརྩེགས།།
བཤན་པའི་སེམས་ན་སྙིང་རྗེའི་མཚོ་མོ་བརྩེགས།།
ལོ་རྒྱུས་རི་རྩེའི་རླུང་དར་མ་རེད་དམ།།

གསར་བརྗེའི་མིང་གིས་བསྙད་པའི་དུས་ལོག་དེས།།
མོང་གོལ་བོད་གཉིས་དུམ་བུ་མང་པོར་བཏང་།།
ཡིད་ཆད་ལོ་ཟླའི་རི་སྤྱང་གཡག་གུ་གཉིས།།
ལ་མོ་ཕན་ཚུན་བར་ནས་ཅེར་བཞིན་ཡོད།།


རྟ་དམག་ཁྲི་ཚོ་དུས་ཀྱི་རྡུལ་ནང་ཡལ།།
དགེ་འདུན་རྒྱ་མཚོ་བྱེ་མའི་ཀློང་ན་སིམ།།
རྩ་བ་བརླག་པའི་རྟ་རྒོད་འབྲོང་གཡག་དག །
ཕྱོགས་སུ་བྱེར་བ་བྱ་སྒྲོ་རླུང་འཁྱེར་བཞིན།།



དར་དཀར་དར་སྔོན་གྱིས་འབྲེལ་དམ་ཚིག་དེ།།
རྐྱེན་གྱིས་བཅད་ཀྱང་རྒྱུ་ཡིས་ཆད་ཐབས་བྲལ།།
བྲང་གི་སྦུག་ནས་དྲངས་པའི་སོག་གླུ་དེ།།
གོ་མྱོང་མེད་ཀྱང་བསམ་དོོན་ལོས་ཀྱང་ཤེས།།


ཡུལ་ཤོར་ངེད་ཅག་མོང་གོལ་ཡུལ་ན་འབྱོར།།
ཤངས་ལེན་གཟབ་པའི་འདུ་འཛིའི་གར་སྟེགས་ལ།།
ལྟ་བཞིན་མགྲིན་པ་བརྣངས་པའི་ཚིག་འདི་དག །
དབང་མེད་ཐལ་བ་བྱ་སྒྲོ་དཀར་པོའོ།། །།


(༢༠༡༣།༧།༢༢ གྱི་དགོང་མོ་སོག་པོའི་རྒྱལ་ཡོངས་ཟློས་གར་ཁང་གི་མཚན་ཚོགས་ཀྱི་གླུ་གར་ལ་ལྟ་བཞིན་ཤར་མར་བྲིས་པའོ།།)

No comments:

Post a Comment