2013-07-24

༸བཅུ་གསུམ་པ་ཆེན་པོ།


རླངས་འཁོར་ནས་བབས་དུས། ངའི་རྐང་པ་འཇོག་ས་དེ། ལོ་བརྒྱའི་གོང་དུ། ཁྱེད་ཉིད་ཉེན་གཡོལ་དུ་ཕེབས་ས་དེ་ཡིན་པ་ཤེས་པས། ངས་ཕུག་རོན་གྱིས་གཤོག་སྒྲའི་དབར་ནས། ས་གཞིར་འགྲམ་པ་སྦྱར་ཏེ། སྙིང་དྲོན་མོས། གྲང་ཤུར་ཤུར་གྱི་སྐྱོ་གར་དེ་མྱོང་བཞིན་ཡོད། ༸བཅུ་གསུམ་པ་ཆེན་པོ།

བཙན་དབང་གི་ལྕགས་སྒྲོག་བཅད་དེ། རང་བཙན་གྱི་ཆིངས་ཡིག་འཇོག་ས་འདི་ནས། བོད་རིག་པ་བ་ཚོས། ཅི་ཞིག་གླེང་རུང་། གང་ཞིག་བཤད་རུང་། བྱེ་རླུང་གིས་བསུབ་ཟིན་པའི་ཁྱེད་ཀྱི་ཞབས་རྗེས་དེ། བསྐྱར་མངོན་བྱེད་ཐབས་མ་རེད་ལ། གངས་ལྗོངས་ན། ཚེ་སྲོག་གསོན་བསྲེགས་བྱེད་བཞིན་པ་དེ། མཚམས་ཆད་ཐབས་ཀྱང་རེད་མི་འདུག ༸བཅུ་གསུམ་པ་ཆེན་པོ།

ཏཱ་ཁུ་རལ་གྱི་ལས་ལུགས་ཇི་བྱུང་བོད་དུ་ཡོང་ངེས་ཤིང་། དེ་དུས་སྐྱ་སེར་ཚང་མ་ཉིན་མཚན་མི་འཁྱོལ་བའི་དུས་ཤིག་ཤར་ངེས་ཞེས་གདམས་མཁན་གྱི་ཁྱེད་ཀྱིས། གངས་ཕྲུག་ང་ལོ་བརྒྱའི་རྗེས་སུ་འདི་རུ་སླེབས་ངེས་པའང་ལོས་མཁྱེན། ༸བཅུ་གསུམ་པ་ཆེན་པོ།



ད་ནས་བརྩིས་པའི་ལོ་ལྔ་བཅུའམ་བརྒྱའི་རྗེས་སུ། ངའི་བུ་ཚ་ཚོ། གནས་འདིར་གནས་བབས་ཅི་འདྲ་ཞིག་གི་ཐོག་ནས་སླེབས་མིན་ངས་མི་ཤེས་མོད། འོན་ཀྱང་ངས་གནས་འདི་ནས་ང་ཚོའི་རྒྱལ་ཁབ་ཀྱི་ཕམ་ཉེས་གླེང་གི་ཡིན། ཕམ་ཉེས་ཀྱི་གསང་བ་གླེང་གི་ཡིན། ༸བཅུ་གསུམ་པ་ཆེན་པོ།

༸བཅུ་གསུམ་པ་ཆེན་པོ། ཕ་གིའི་རི་མགོའི་སྤྲིན་དཀར་དེ། ངས་ཁྱེད་ལ་ཕུལ་བའི་མཇལ་དར་ལགས་ཤིང་། སྙིང་གི་ཟབ་ས་ན་འཁྱིལ་བའི་མིག་ཆུའི་སྟེངས་ཀ་འདི། ངས་ཁྱེད་ལ་ཕུལ་བའི་ཡོན་ཆབ་ལགས།

ཁྱེད་ཀྱི་སྐུ་ཚེའི་མཛད་པས་ང་ལ་གསུང་བྱོན་བྱུང་།

“རྒྱལ་ཁ་མ་ཐོབ་ཀྱང་རུང་།
       ཕམ་ཁ་མ་ཕོག་ཀྱང་རུང་།
                 མཚམས་འཇོག་བྱེད་མི་རུང་བ་དེ།
                           འཐབ་རྩོད་རེད།”

ཐུགས་རྗེ་ཆེ། ༸བཅུ་གསུམ་པ་ཆེན་པོ། བཀའ་དྲིན་ཆེ། ༸བཅུ་གསུམ་པ་ཆེན་པོ།

4 comments:

  1. སྙིང་འགུལ་བཏབ་ནུས་པའི་ཚིགའདུག ཐུགས་རྗེ་ཆེ།

    ReplyDelete
  2. རྣམ་གྲྭ་བསྟན་འཛིན་ཕན་བདེ།July 25, 2013 at 9:19 AM

    ལ་ལས་བཅུ་གསུམ་ཟེར་ནས་བཅུ་བཞི་གནན་འདོད་བྱེད།།
    ལ་ལས་བཅུ་བཞི་ཟེར་ནས་བཅུ་གསུམ་བོར་འདོད་བྱེད།།
    གནོན་བོར་གཉིས་ནི་བརྟག་དཔྱད་མཐའ་གཉིས་ཏེ།།
    དེ་ཡི་དབུས་ན་བྱ་སྒྲོ་དཀར་པོ་བཞུགས།།
    བཅུ་གསུམ་བཅུ་བཞི་དགྱེས་པའི་མཆོད་སྤྲིན་སྤྲོས།།
    སྤྲོས་བྲལ་བདེན་པའི་ངོ་བོ་གསལ་བར་བྱས།།
    བྱས་པའི་དྲིན་ལ་ཤིས་པའི་ཚིག་གིས་བསྟོད།།
    བསྟོད་འཕྲིན་མེ་ཏོག་མཆུན་པོ་འདི་ན་གསལ།།

    ReplyDelete
    Replies
    1. རྣམ་གྲྭ་བསྟན་འཛིན་ཕན་བདེ།July 25, 2013 at 9:28 AM

      རྟག་ཆད། ཆུན་པོ།

      Delete
  3. རྣམ་གྲྭ་བསྟན་འཛིན་ཕན་བདེ་ལགས་ཀྱིས་ཐུགས་སྣང་དང་གསལ་ཁ་བཏོད་པར་ཐུགས་རྗེ་ཆེ། ད་དུང་ཡང་ཡང་ཕེབས་ཏེ་དགོངས་འཆར་གནང་རོགས།

    ReplyDelete