2013-07-06

མིག་ཆུས་བསྒྲིབས་པའི་ལག་རས།

ནག་ནག་མུན་པ་ཡི་ཡོལ་བས།།
ཕྱི་རོལ་འཇིག་རྟེན་དེ་བཏུམས་ཚེ། །
ཁྱེད་རྗེས་སྙེག་པ་ཡི་རྐང་ཟུང༌།།
རྟ་ཕོའི་རྒྱུག་ཤེད་ཀྱི་དོ་ཟླ།།


རླུང་ཡན་ཧུར་ཧུར་གྱི་སྒྲ་ལས།།
ཁྱེད་རང་ཐོན་ཁ་ལ་འདུག་ཟེར།།
ལུས་པོ་བདེ་འདོད་ཅིག་བསམས་ཀྱང༌།།
སེམས་པ་སྡོད་ཚུགས་རང་མི་འདུག །


མི་ཡུལ་མུན་ནག་གི་ནང་དུ།།
མི་ངའི་དགའ་ས་དེ་ཁྱེད་ཉིད།།
ཁྱེད་རང་ཐོན་ནའང་ཆོག་ག།།
ང་ཡི་སེམས་པ་འདི་གཞག་རོགས། །


ཕྱོགས་མཚམས་མི་ཚོགས་རེའི་ཐོག་ལ།།
རེ་བའི་མིག་མྱུལ་རེ་བྱས་ཀྱང༌།།
འདྲ་འདྲ་མང་པོ་ཞིག་མ་གཏོགས།།
ཁྱེད་ཀྱི་གཟུགས་བརྙན་ཡང་མ་མཐོང༌།།



ཡིད་ཆད་སྐྱོ་གདུང་དང་འགྲོགས་པའི།།
ཐ་མག་དུ་བ་ཡི་ཁྲོད་དུ།།
མཐའ་མའི་མཇལ་འཕྲད་ཀྱི་རེ་བ།།
དུ་བའི་ཨ་ལོང་བཞིན་ཤར་བྱུང༌།།


སླར་ཡང་ལིང་ལིང་གི་སྙིང་ཁའི།།
ཚོར་སྣང་ཁོ་ན་ལ་འབྲངས་པས།།
རླངས་འཁོར་བབས་ཚུགས་ཀྱི་འགྲམ་ནས།།
ཁྱེད་ཀྱི་མིག་འོད་དང་མཇལ་བྱུང༌།།


གནག་སྣུམ་སྐྲ་ལོ་ཡི་འདབ་མས།།
ཡིད་འོང་བཞིན་དཔལ་དེ་བསྒྲིབས་ཀྱང༌།།
ཐོག་མར་མཇལ་དུས་ནས་ཡོད་པའི།།
མིག་འོད་དྭངས་མོ་དེ་མཐོང་བྱུང༌།།


སྙིང་དང་སྙིང་ཁ་གཉིས་སྦྱར་བའི།།
བརྩེ་བའི་འཐམ་འཁྱུད་ཅིག་འདོད་ཀྱང༌།།
བརྩེ་བ་ཁོག་པ་ལ་སྦས་པའི།།
འགྱོད་པ་ཆེན་པོ་ཡིས་མནར་བྱུང༌།།


“ཁྱེད་རང་འགྲོ་ཐག་རང་ཆོད་སམ།།”
“ང་རང་འགྲོ་ཐག་རང་ཆོད་སོང༌།།”
“ཕ་གིར་ཟ་ཁང་ལ་འགྲོ་དང༌།།”
“རླངས་འཁོར་ཐོན་རན་ལ་བཅར་འདུག །”


ཕར་བཤད་ཚུར་བཤད་ཀྱི་མཐའ་མར།།
ལམ་ཟུར་ཟ་ཁང་དུ་སོང་ཡང༌།།
ཇ་ཟས་ཁམ་གང་ཡང་མེད་པར།།
རླངས་འཁོར་དུང་སྒྲ་དེ་གྲགས་བྱུང༌།།


གྱེས་ཁའི་སྙིང་ཁོང་གི་སྙིང་གཏམ།།
ཁྲི་འབུམ་དུ་མ་ཞིག་ཡོད་ཀྱང༌།།
སྨྲ་བསམ་སྤོབས་པ་ཡི་འཇའ་ཚོན།།
སྔར་ནས་བདག་ཡིད་ལ་མ་ཤར།།


“ཀྱེ་ཀྱེ་འགྲོ་ཁར་སྐད་ཆ།།
ཅི་ཡང་མེད་དམ་”ཟེར་བར།།
“ཁྱེད་རང་ལམ་ལ་གཟབ་གཟབ།།
བྱ་བ་ལམ་འགྲོ་བཀྲ་ཤིས།།”


ཁྱེད་ཀྱིས་གཟབ་ནན་གྱི་ངང་ནས།།
“སྙན་ངག་དེ་སུ་ལ་བྲིས་སམ།།”
ཅི་འདྲའི་བརྗོད་དཀའ་བའི་དྲི་བ།།
བཤད་ཀྱང་བྲལ་ཁ་ཡི་སྟོང་གཏམ།།


ཡིད་ཀྱི་སུབ་ཀ་ཡི་ཁོང་ནས།།
མཆུ་དང་མཆུ་སྦྱོར་ཞིག་འདོད་ཀྱང༌།།
ལོ་གསུམ་ཁོག་པ་ལ་ཉར་བའི།།
སྙིང་གཏམ་རུལ་པ་དེས་ལན་སོང༌།།


“སྙན་ངག་དེ་ཁྱེད་རང་ལ་བྲིས་སོ།།
ཐམས་ཅད་ང་རང་གིས་ནོར་སོང༌།།
འགོ་འཛུགས་མེད་པའི་མཇུག་རྫོགས།།
ངེད་གཉིས་ལས་སྐལ་དེ་སྐྱོ་ཨང༌།།”


དེ་སྐད་སྨྲས་རྗེས་ཀྱི་ང་རང༌།།
རླངས་འཁོར་ཕྱི་རོལ་ལ་ཐོན་ཡོང་།།
ཕྱི་མིག་ཞིབ་ཞིབ་ཅིག་བསམ་ཀྱང༌།། 

བལྟ་བའི་སྤོབས་པ་ནི་མི་འདུག །

ལྡིར་ལྡིར་རླངས་འཁོར་གྱི་སྐད་སྒྲས།།
ང་རང་དབང་མེད་དུ་འཐེན་སོང༌།།
ཇི་ལྟར་ཡོང་མིན་ཡང་མ་ཤེས།།
ཁྱེད་ཀྱི་སྒེའུ་ཁུང་འོག་སླེབས་འདུག །


མིག་འོད་དྭངས་མོ་དེའི་འོག་ན།།
མིག་ཆུའི་མཚོ་མོ་ཞིག་འཁྱིལ་འདུག །
ཁྱེད་རང་ལ་ཐུགས་ཁག་ཅི་ཡོད།།
ཐམས་ཅད་ང་རང་གིས་ནོར་སོང༌།།


ཡང་བསྐྱར་འཕྲད་ངེས་ཞེས་ཟེར་ཡང༌།།
འཕྲད་དུས་ཀྱི་འགྱུར་བ་ཅི་འདྲ།།
ཡོད་ཚད་ཕྱིས་ཐག་རང་ཆོད་སོང༌།།
ཡོད་ཚད་མགྱོགས་ཐག་རང་ཆོད་སོང༌།།


དཀར་འཇམ་ལག་པ་དེ་བསྲིངས་ནས།།
དེ་འདྲ་སྲིད་པ་རང་ཡིན་པས།།
སྐྱོ་བ་སྐྱེས་པ་ཡིས་ཅི་ཕན།།
དེ་ལས་“ཁོང་མོ་”ལ་བྱམས་ཟེར།།



ཁྲག་རྩ་རེ་རེ་ཡི་སྦུག་ན།།
ཁྲག་དམར་འཁོལ་བ་ཡི་ལག་པ།།
ཕར་ལ་བསྲིངས་པ་ཡི་སྐབས་དེར།།
རླངས་འཁོར་འགྲོ་འགོ་དེ་ཚུགས་སོང༌།།


ཤུགས་ཀྱིས་བསྲིངས་པ་ཡི་ལག་པ།།
ཁྱེད་ཀྱི་སོར་རྩེ་ལ་ཐུག་ཀྱང༌།།
ཡང་བསྐྱར་ལག་པ་དང་སོར་མོ།།
ཇེ་རིང་ཇེ་རིང་དུ་གྱུར་སོང༌།།


ཐག་རིང་ཐག་རིང་ནས་ལག་རས།།
ག་ལེ་ག་ལེ་རུ་གཡོབ་པ།།
གྲང་མོ་གྲང་མོ་ཡི་མིག་ཆུས།།
ཐག་རིང་ལག་རས་དེ་བསྒྲིབས་སོང༌།། 


9 comments:

  1. སྙན་ངག་ཡིན་ལ། སྒྲུང་ཡང་ཡིན་པ། སེམས་པ་སྐྱོ་པོ་ཞིག་བྲིས་འདུག སྙན་པོ་བྱུང་།

    ReplyDelete
  2. མཁས་དབང་ཆུང་ཚེ་རིང་ལགས། ཁྱེད་ཀྱིས་སྙན་ངག་དང་སྒྱུར་རྩོམ། སྒྲུང་སོགས་ག་རེ་བྲིས་ཀྱང་ནང་དོན་ཧ་ཅང་གསལ་པོ་དང་གནད་ལ་འཁེལ་བ་ཡོང་གི་འདུག

    ReplyDelete
  3. ཆུང་ཚེ་རིང་ལགས། ཉེ་དུས་རྡ་ཤོད་རླངས་འཁོར་བབས་ཚུགས་སུ་ཡོད་པ་ཞིག་མཇལ་བྱུང་། ད་བྱས་དུས་མཛེས་མ་ཞིག་ལ་སྐྱེལ་མ་ཞུ་བར་ཕེབས་པ་ཡིན་པ་རེད། རྩེད་མོ་ཞུས། སྙན་ངག་ཧ་ཅང་གོ་བདེ་པོ་དང་སྙན་པོ། སེམས་པ་སྐྱོ་པོ་བྱུང་། བུ་མོ་དེ་སུ་རེད། གསང་བ་མིན་ན་གསུངས་རོགས་གནང་།

    ReplyDelete
  4. རིག་ལྡན་ལགས་ཀྱིས་གདེང་འཇོག་གནང་བར་ཐུགས་རྗེ་ཆེ། འོན་ཀྱང་ང་ལྟ་བུ་ཞིག་ལ་མཁས་དབང་ཞེས་རྩ་བ་ནས་མ་གསུངས་རོགས། ངས་སེམས་གཏིང་ནས་ཞུས་པ་ཡིན།

    ReplyDelete
  5. མཚན་མི་གསལ་བའི་གྲོགས་པོ་ལགས། སྙན་ངག་འདིའི་ནང་གི་མི་སྣ་ལ་འགྲེལ་བཤད་གང་ཡང་མེད། ངས་སྙན་ངག་ནི་སེམས་གཏིང་གི་སྐད་ཆ་དེ། ཚད་མཐོ་ཤོས་ཀྱི་སྒྱུ་རྩལ་ལ་བརྟེན་ནས་མཚོན་པར་བྱས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། སྙན་ངག་ཉམས་སུ་མྱོང་ཐབས་ཡག་ཤོས་དེ་ཡང་། དེ་འདྲའི་ཀུན་སློང་ཞིག་གིས་བཀླགས་ཏེ་བྲོ་བ་མྱོང་དགོས་པ་ལས། མི་སྣ་དེ་འཚོ་བ་དངོས་ནང་སུ་དང་གང་ཡིན་པ་སོགས་ཚོད་དཔག་བྱེད་པ་ནི། སྙན་ངག་གི་ཞིང་ཁམས་ནས་ཁ་བྲལ་འགྲོ་བའི་མཚོན་ཚུལ་ཞིག་རེད། ཐུགས་རྗེ་ཆེ།

    ReplyDelete
  6. དགོངས་དག ངས་རྩེད་མོའི་ཚུལ་དུ་དྲིས་པ་ཡིན། གང་ལྟར་སྙན་ངག་འདི་སྙན་པོ་བྱུང་། གཟུགས་བརྙན་མང་པོ་ཞིག་གློག་བརྙན་ནང་བཞིན་མཐོང་ཡོང་གི་འདུག ཁྱེད་རང་གི་སྙན་ངག་ཁ་ཤས་ཁ་གསལ་པོ། ཀློག་པ་དང་གོ་ཐུབ་པ་དེ་འདྲ་རེད་འདུག ཁ་ཤས་དངོས་གནས་གོ་ཁག་པོ་འདུག མུན་དབྱངས་ལོ་མ་ལྗང་ཁུ་ཞེས་པ་དེ། ངས་ཐེངས་གསུམ་བཀླགས་ཀྱང་། ད་དུང་གོ་བ་ལོན་མ་སོང་།

    ReplyDelete
  7. ཐུགས་རྗེ་ཆེ། སྙན་ངག་འདི་བྲིས་ནས་ལོ་བཅུ་གྲངས་སོང་ཟིན་པ་རེད། འདི་ཉེ་དུས་ཡིག་ཉོག་གི་ནང་ནས་བརྙེད་པས། བཟོ་བཅོས་ཕྲན་བུ་དང་བཅས་དྲ་ཐོག་ཏུ་བཞག་པ་ཙམ་ཡིན། གང་ལྟར་རྩོམ་རྙིང་པ་ཞིག་ཡིན།

    དེ་ནས་ངའི་རྩོམ་གཤིས་ཀྱི་ཐད། ངས་སྙན་ངག་ཁ་དམ་པ་དང་ལྷོད་པ་གཉིས་ཀ་འབྲི་གི་ཡོད་ལ། སྲོལ་རྒྱུན་དང་རང་མོས་གཉིས་ཀ་འབྲི་གི་ཡོད། ངས་དེ་ཚོར་འགལ་བ་ཡོད་པ་མཐོང་གི་མེད།

    ReplyDelete
  8. སྙན་ངག་འདིའི་ནང་བཀོད་པའི་སྙན་ངག་དེ་གང་རེད། སྙན་ངག་དེ་ཀློག་འདོད་ཆེ། དེ་ཡང་འགོད་རོགས་ཞུ།

    ReplyDelete
  9. སྙན་ངག་དེ་མ་འོངས་པར་བཀོད་ཆོག འོན་ཀྱང་གནས་སྐབས་ལས་བྲེལ་དབང་གིས་ཡོང་ས་མ་རེད།

    ReplyDelete