2013-08-05

རང་ཚུལ།

ཤེས་ཟིན་གནམ་འདིའི་དབུས་ན།།
མ་ཤེས་སྐར་མ་ཡོད་ཅེས།།
མཚོར་འཛུལ་ས་ལ་མཆོངས་པའི།།
སྦལ་པ་ང་ཡི་གཤིས་ཀ།།

གངས་རི་སེམས་ན་སྦྲུམ་སྟེ།།
ཡངས་པའི་རྒྱལ་ཁམས་ཐང་ལ། །
ཤེད་ཀྱིས་རྒྱུག་ཅིང་ལྡིང་བའི།།
རྒོད་མ་ང་ཡི་རུས་པ།།



རི་ཐང་ཆུང་ངུའི་ཁུགས་ནས། ། 

རྩྭ་ཆུ་གཙང་མར་རོལ་བཞིན།།
སྤྱང་ཀིའི་མཆེ་བར་འཛེམས་པའི།།
ལུག་ཕྲུག་ང་ཡི་ལས་དབང་།།

སེམས་དཀར་ཤོག་བུའི་ལྗོངས་ལ། །
མངོན་འདོད་རི་མོའི་ཕྱུགས་ཁྱུ།།
བརྩེ་དུང་ཚོན་གྱིས་སྐྱོང་བའི།།
རྫི་བོ་ང་ཡི་སྨྱུ་གུ། །

ཕྱོགས་ཞེན་ནག་པོས་མ་ནོག ། །
སྒྲོ་དཀར་ང་ཡི་གཤིས་ཀ །།
ཆབ་སྲིད་རླུང་གིས་མི་གཡོའི།།
རི་ཆུང་ང་ཡི་ལྗིད་ཁོག །

No comments:

Post a Comment