2014-06-30

ཕྲན་གྱི་དཔེ་དེབ་གསར་པ།

༄༅།། བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་གི་སྐད་ཡིག་དེབ་ཕྲེང་ ༡༧ པར། ཕྲན་ཆུང་ཚེ་རིང་གི་རྩོམ་ཡིག་ཁོངས་ནས། སྐད་ཡིག་རྩོམ་རིག་དང་འབྲེལ་བ་ཁག་ཅིག་ཕྱོགས་སྒྲིག་གིས་མིང་དུ་ཨོཾ་ཏོགཅེས་པའི་དཔེ་དེབ་ཅིག་ཉེ་ཆར་པར་སྐྲུན་གནང་འདུག
      
  བོད་ཀྱི་དཔེ་མཛོད་ཁང་གི་པར་སྐྲུན་གསལ་བཤད་ནང་འདི་ནས་རྩོམ་པ་པོ་རེ་ཟུང་གི་བརྩམས་ཆོས་ལ་དམིགས་བསལ་ཁྱད་ཆོས་མཐོང་ཚེ་ང་ཚོར་དཔར་སྐྲུན་བྱེད་དུ་འཇུག་རྒྱུའི་གོ་སྐབས་གནང་རོགས་ཞུ་གི་ཡོད་ན། ད་ལམ་གྱི་བརྩམས་ཆོས་འདི་ཡང་དེ་དག་ཁྲོད་ནས་གཅིག་ཡིན་ཞེས་བཀོད་འདུག
        དཔེ་དེབ་འདིའི་ནང་། ཕྲན་གྱིས་བརྩམས་པ་དང་བསྒྱུར་བ་ཅི་རིགས་ཀྱི་སྒྲུང་རྩོམ་ཁག་བརྒྱད་དང་། སྙན་ངག་དང་ལྷུག་རྩོམ་ ༣༠ ལྷག  དཔྱད་རྩོམ་དང་མྱོང་བྱང་ཁག་དྲུག་བཅས་བཀོད་འདུག
        དེབ་ཀྱི་མིང་གི་ཐད་ཕྲན་གྱི་སྔོན་གླེང་ནང་་རྩོམ་རིག་ནི་ང་ལ་མཚོན་ན། མི་ཚེའི་ཉམས་མྱོང་གི་གཏེར་ནས་ཐོན་པའི་གཏེར་རྫས་ཡིན་ཞིང་། གལ་ཏེ་ཉམས་མྱོང་དེ་དག་ཡི་གེ་ཨོཾཡིན་ན། རྩོམ་རིག་ནི་དེའི་སྟེང་གི་ཏོག་ ཡིན། ངས་བོད་གཞིས་བྱེས་དང་སྐྱ་སེར། བཙོན་ཁང་དང་བཙོན་ཁང་གི་ཕྱི་ལོགས། ཞིང་ཁུལ་དང་གྲོང་ཁྱེར། ཤར་ཕྱོགས་དང་ནུབ་ཕྱོགས། དམར་ཤོག་དང་དམངས་གཙོ། སྤྱི་ཚོགས་རིང་ལུགས་དང་མ་རྩའི་རིང་ལུགས། གཞུང་ཞབས་དང་མི་མང་། དགེ་རྒན་དང་སློབ་ཕྲུག་སོགས་སྤྱི་ཚོགས་ཀྱི་གནས་བབས་མང་པོ་འགྲིམས་པའི་དེ་རིང་། རང་རྒྱུད་ལ་ཐོབ་པ་ནི་ཉམས་མྱོང་ཕྲན་བུ་ཡིན་ལ། དེ་དག་གི་སྙིང་པོ་ནི་རྩོམ་ཡིག་ཐར་ཐོར་དེ་ཚོ་ཡིན་ཞེས་བཤད་ཆོག་པ་འདྲ།ཞེས་བྲིས་ཡོད།

        དེབ་འདི་ནི་ཕྲན་གྱིས་རང་གི་ཕ་མ་གཉིས་ཀྱི་བཀའ་དྲིན་དྲན་གསོའི་སླད་དུ་བྲིས་པ་ཞིག་ཡིན་ཞིང་། དེ་ཡང་ང་རང་གིས་བྲིས་པའི་སྔོན་གླེང་ནང་ད་ལྟ་ང་ལ་ཡོན་ཏན་ཆེ་ཆུང་གང་འདྲ་ཞིག་འཇགས་ཡོད་རུང་། མཐར་གཏུགས་ན་ཕ་མ་གཉིས་ཀྱི་བཀའ་དྲིན་ཡིན། དེར་བརྟེན་དཔེ་དེབ་འདི་ངའི་ཕ་མ་དམ་པ་གཉིས་དང་། ལྷག་པར་ཉེ་ཆར་འདས་གྲོངས་ཕྱིན་པའི་ཨ་མ་ལགས་དམ་པ་དེའི་བཀའ་དྲིན་དྲན་གསོའི་ཆེད་དུ་ཕུལ་བ་ལགས།ཞེས་བཀོད་ཡོད།
        དཔེ་དེབ་འདིའི་པར་སྐྲུན་སྦྱིན་བདག་ནི། དེང་སང་ཨའོ་སེ་ཊི་ལི་ཡར་བཅའ་བཞུགས་ཕྱི་དྲིལ་ལས་ཁུངས་ཀྱི་ལས་ཟུར་ཕུན་ཚོགས་ཆོས་རྒྱལ་བཟའ་ཚང་གཉིས་ཡིན་པས་ཁོང་གཉིས་ལ་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ།
        དེབ་འདིར་དཀར་ཆག་དང་སྔོན་གླེང་སོགས་མ་ཐེ་བའི་ཁྱོན་བསྡོམས་ཤོག་གྲངས་ ༣༣༢ ཡོད་ཅིང་། རིན་གོང་དེབ་རེར་ཧིན་སྒོར་ ༢༨༥ རེད་འདུག་ན། གཟིགས་འདོད་ཡོད་མཁན་ཚོས་བོད་ཀྱི་དཔེ་མཛོད་ཁང་ནས་ཐད་ཀར་གཟིགས་རོགས།།  །།

No comments:

Post a Comment