2015-02-09

ཐང་སྟོང་གི་སྲིད་པ།

ཆར་པ་ཡར་ནས་བབས་རྗེས་རླངས་པ་མར་ནས་འཕྱུར་རོ།།
མར་གྱི་འཇམ་ཤའི་འོག་ན་རལ་གྲིས་མེ་དབལ་ངོམ་མོ།།
སྟག་རྒོད་ཕ་ནས་ཤི་རྗེས་སྡུག་བསྔལ་མ་ནས་མྱོང་ངོ་།།
རལ་གྲིའི་སོ་ཁ་དེ་ན་སྦྲང་རྩིའི་མངར་ཁ་ལྡན་ནོ།།

གཤིན་པོའི་ཁ་ཆེམས་ཟེར་ཡང་གསོན་པོའི་དམ་བཅའ་ཡིན་པའི།།
ཆུ་བོ་རབ་མེད་འདི་ནས་བརྒལ་མཁན་མི་རྒན་སུ་ཡོད།།

ཁྱེད་རང་རྟ་ལ་ཆིབས་ཏེ་ལག་པས་གྲི་རིང་གསོར་ཞོར།།
དུ་བ་སྒང་ནས་ལྡིང་བཞིན་རྡུལ་འཚུབ་འོག་ནས་ལངས་ཀྱིན།།
མུ་མེད་ཐང་ཆེན་དེ་ན་ཡར་མར་ཁེར་རྒྱུག་བྱེད་པ།།
གནམ་གྱིས་བལྟས་ཀྱང་མ་མཐོང་རྩ་དོན་ཞིག་ནི་ཡིན་སྐད།།

གཡོན་གྱི་རི་ཟུར་དེ་ནས་མཛེས་མས་མཆོད་ཆང་འདེགས་བཞིན།།
ཆང་གཞས་ཚུར་ལ་ལེན་ཞོར་ཞབས་བྲོ་ཕར་ལ་འཁྲབས་ཀྱང་།།
གཞས་ཀྱི་ཚིག་རྩ་དེ་ལ་དུག་གི་ལོ་མ་ལྡང་བས།།
ཞབས་བྲོ་མེ་ཏོག་དགུ་སྒྲིག་ཁྱེད་ལ་མ་རེད་སུས་ཟེར།།

གཡས་ཀྱི་བྲག་གསེང་དེ་ན་ཤེད་ཅན་ཕོ་དགུ་ཉལ་ཏེ།།
དཔུང་པའི་ཤུགས་ཀྱིས་བཏེགས་པའི་རྡོ་ཆེན་རྐང་འོག་མནན་ནས།།
རྣོ་དབལ་མདའ་གྲིའི་ཆོ་ག་ཨ་མཆོད་བཀའ་ལ་བསྒུགས་པ།།
ཁྱེད་ཀྱི་གྲོགས་པོ་རེད་ཅེས་ནག་ཆུང་ཁ་ཏས་མི་ཟེར།།

ནམ་མཁར་བྱ་ཚོགས་མང་ཡང་ཉི་མ་ཁེར་འགྲོ་རེད་དོ།།
ས་ལ་འབུ་སྲིན་མང་ཡང་ཁྱེད་རང་མི་གཅིག་རྟ་གཅིག །
ཡར་ལ་འཕག་ཀྱང་མི་འཕར་སྦལ་བ་གཅོང་གཅོང་དེ་ཡིན་ན།
མར་ལ་བསྣུབས་ཀྱང་མི་ནུབ་མཚོ་ཁའི་ཤིང་སྐམ་དེ་འདྲ་ཨང་།།

འདྲེ་ཡི་ཆད་པ་ཟེར་ཡང་ལྷ་ཡི་དངོས་གྲུབ་རང་ཡིན་པའི།།
སྲིད་པའི་ལུང་ཆེན་འདི་ནས་ཐར་མཁན་སུ་ཞིག་དང་གང་ན།།

ཨཱ། ཉི་མ་སེར་སེར་དེ་མེད་དུས་ཟླ་བ་དཀར་དཀར་དེ་འཆར་རོ།།
སྟོན་ལོ་སེར་པོ་དེ་བྲུལ་དུས་སྟོན་འབྲས་ཞིམ་ཞིམ་དེ་མངོན་ནོ།།
ཁྱེད་རང་ཡར་ཡར་ལ་སོང་ན་རྐང་རྗེས་གསུབ་མཁན་ཞིག་སླེབས་འོང་།།
ཁྱེད་རང་མར་མར་ལ་སོང་ན་དྲན་གསོ་བྱེད་མཁན་ཞིག་འཚར་འོང་།།

No comments:

Post a Comment