2015-04-04

སྒྲོལ་མ་མེ་ཏོག

༄༅།། བོད་པས་དགའ་ཤོས་ཀྱི་མེ་ཏོག་གཅིག་ནི། སྒྲོལ་མ་མེ་ཏོག་རེད། གལ་སྲིད་ཁྱེད་རང་བོད་དང་དེའི་ནང་ནས་ཀྱང་ལྷ་སར་སོང་ན། མཐོ་བླ་མའི་གསེར་ཁྲི་དང་། དགོན་པའི་རྟེན་གཙོའི་མདུན་དུ་སྒྲོལ་མ་མེ་ཏོག་བསྒྲིགས་པ་མཐོང་གི་རེད་ལ། བར་གྲྭ་བཙུན་སོ་སོའི་གྲྭ་ཤག་དང་། དམའ་ཁྱིམ་ཚང་དཀྱུས་མ་ཚོའི་སྒེའུ་ཁུང་འཁྲིས་སུ་སྒྲོལ་མ་མེ་ཏོག་བཤམས་པ་མཐོང་གི་རེད།

སྒྲོལ་མ་མེ་ཏོག་གི་མིང་ལ་སྐྱེ་དངོས་ཚན་རིག་པ་ཚོས་(Matthiola incana)ཞེས་བཏགས་ཡོད། མེ་ཏོག་འདི་ལ་དུས་ནམ་ཞིག་ལ་གང་ཟག་སུས་རྒྱུ་མཚན་གང་ཞིག་ལ་བརྟེན་ནས་བོད་མིང་སྒྲོལ་མ་མེ་ཏོག་ཅེས་བཏགས་མིན་གསལ་པོ་མི་ཤེས། 

བོད་དུ་སྐྱེ་བའི་མེ་ཏོག་འདིའི་སྡོང་པོའི་རིང་ཚད་ཕྲུ་གང་ཟིན་མ་ཟིན་ཙམ་ལ། ཡལ་ག་གསུམ་ནས་ལྔ་དྲུག་བར་དང་། ལོ་མའི་དབྱིབས་ཅུང་རིང་ལ་ཕྲ་བ་ཀོང་ཆ་ཡོད་པ་ཞིག་སྐྱེ་བ་ཡིན། མེ་ཏོག་ལ་ཚོས་གཞི་དཀར་པོ་དང་སེར་པོ། དམར་སྨུག ཟིང་སྐྱ་སོགས་ཡོད། མེ་ཏོག་བཞད་ཤུལ་དུ་གང་བུ་ཕྲ་ལ་རིང་བ་ཞིག་ཆགས་ངེས་པ་དེའི་ནང་སོན་ཡོད། ནུབ་ཕྱོགས་ཡུལ་ཁག་ཏུ་མེ་ཏོག་འདི་ལ་རིགས་མང་ཙམ་འདུག་ཅིང་། རྣམ་པ་ཡང་རང་རེའི་མེ་ཏོག་དང་འདྲ་བ་དང་མི་འདྲ་བ་ཅི་རིགས་འདུག སྡོང་པོའི་རིང་ཚད་ཀྱང་མི་ཊར་ཕྱེད་ཀ་ཙམ་འདུག་པ་ནི་ས་བབས་དང་དྲོད་ཚད་སོགས་ཀྱིས་བྱས་པ་འདྲ།
སྒྲོལ་མ་མེ་ཏོག་གི་སོན།

བོད་དུ་མེ་ཏོག་འདི་རི་འདབས་སོགས་སུ་སྐྱེ་བ་ཞིག་མིན་པར་ངེས་པར་ཁྱིམ་དུ་གསོ་སྐྱོང་བྱེད་དགོས་པ་ཞིག་ཡིན། ལྷ་སར་མཚོན་ན། ལོ་གསར་སྐབས་སུ་སྒྲོལ་མ་མེ་ཏོག་བཞད་ན་རྟེན་འབྲེལ་དུ་བརྩི་བས། དགུན་དུས་ཞོགས་པ་མེ་ཏོག་འདི་བཏབ་པའི་ཁོག་མ་ཉི་མར་འདོན་པ་དང་། དགོང་མོ་ཉི་མ་བཞུད་པ་དང་ཁང་པའི་ནང་དུ་བསྡུ་བ་སོགས་ལྟ་སྐྱོང་ཧ་ཅང་ཞིབ་ཚགས་བྱེད། 

ཁྱིམ་ཚང་གཅིག་ལ་སྒྲོལ་མ་མེ་ཏོག་དཀར་པོ་དང་སེར་པོ། དམར་སྨུག་གསུམ་བཞད་ཚེ། རིགས་གསུམ་མགོན་པོའི་(དཀར་པོས་སྤྱན་རས་གཟིགས་དང་། སེར་པོས་འཇམ་དཔལ་དབྱངས། དམར་སྨུག་གིས་ཕྱག་ན་རྡོ་རྗེ་མཚོན་)མཚོན་རྟགས་ལྟ་བུར་བརྩིས་ཏེ་ཧ་ཅང་གིས་དགའ་མོས་དང་རྟེན་འབྲེལ་བཟང་པོར་བརྩི་བ་ཡིན། བོད་པ་ཚོས་སྒྲོལ་མ་མེ་ཏོག་ལ་དགའ་མོས་ཆེན་པོ་བྱེད་པའི་རྒྱུ་མཚན་གཙོ་བོ་ནི། མེ་ཏོག་འདི་མཛེས་ལ་དྲི་ཞིམ་པ། བཞད་ཡུན་རིང་བ། སོན་ཡུན་རིང་ཉར་ཐུབ་པ། སྡོང་པོ་རིང་པོ་མིན་པས་ཁྱིམ་ཚང་གི་མཆོད་གཤོམ་མདུན་ལ་སྒྲིག་གཤོམ་བྱ་རྒྱུར་འཚམས་པ་བཅས་ཀྱིས་ཡིན་པ་འདྲ།། །།

No comments:

Post a Comment