2015-05-12

ལྷོ་ཕྱོགས་ལ་ག་རེ་ཡོད་དམ།

༄༅།། བདག་ཆུང་ངུའི་དུས་སུ། ཕྱོགས་བཞིའི་ནང་ནས་ལྷོ་ཕྱོགས་ནི་ལྐོག་གྱུར་གྱི་གནས་ཤིག་ལགས།
དེ་ཡང་། ངའི་རྨོ་རྨོས་ནམ་རྒྱུན་དགོང་མོ་ཉལ་ཁར་ལྐོག་ལྐོག་སུད་སུད་ངང་མགོ་བོ་ལྷོ་རུ་ཕྱོགས་ནས་ཕྱག་གསུམ་རེ་འཚལ་བར་བྱེད་ཅིང་། ང་ཚོའི་གྲོང་ཚོའི་ལོ་རྒན་བསམ་ཤེས་ཅན་རེ་ཟུང་མཉམ་དུ་འཛོམས་དུས་ཀྱང་། ལྷོ་ཡི་ཕྱོགས་སུ་མཆུ་ཏོའམ་ལག་པས་བསྟན་ཚོར་ཤབ་ཤུབ་ཏུ་ཅི་ཞིག་གི་སྐོར་ལ་གླེང་མོལ་བྱེད་པས། བདག་གི་སེམས་ན། ལྷོ་ཕྱོགས་ནི་ཡ་མཚན་དང་ལྐོག་འགྱུར་གྱི་ཡུལ་ཞིག་ཏུ་གྱུར།
“ལྷོ་ཕྱོགས་སུ་གང་ཡོད་དམ་”ངས་ཕྱག་བཙལ་ཚར་ནས་ཉལ་རྩིས་བྱེད་བཞིན་པའི་རྨོ་རྨོར་དྲིས། 

“ཨཱ་”རྨོ་རྨོས་ངས་གང་ཟེར་མ་མཁྱེན་པའི་ངང་ང་ལ་གཟིགས་བཞིན་དེ་ལྟར་གསུངས།
“ལྷོ་ཕྱོགས་ལ་ཉིན་ལྟར་ཕྱག་འཚལ་གནང་གི་ཡོད་པ་དེའི་རྒྱུ་མཚན་གང་ཡིན་ནམ་”
“དེ་ཟེར་གྱི་ཡོད་དམ། ཕྱག་འཚལ་རྒྱུ་ནི་ངས་བླ་མ་རིན་པོ་ཆེའི་དྲུང་ནས་ཁས་ལེན་ཞུས་པའི་དམ་བཅའ་ཞིག་ཡིན། དེ་གང་ལྟར་ཕྱོགས་གང་རུང་ལ་ཁ་གཏད་ནས་འཚལ་དགོས་པས་སྟེས་དབང་གིས་ལྷོ་ཕྱོགས་སུ་ཕྱག་འཚལ་བ་དེ་གོམས་གཤིས་ཆགས་པ་རེད། ཡ། ད་ཉོལ། ཨོཾ་མ་ཎི་པད་མེ་ཧཱུཾ། ཨོཾ་མ་ཎི་་་་”རྨོ་རྨོས་ཉལ་ས་བཟོ་བཞིན་ང་ལ་དེ་ལྟར་གསུངས་པ་དང་འབྲེལ་མ་ཎི་དྲངས།
“རྨོ་རྨོ་”
“ཨཱ་”རྨོ་རྨོས་ཅུང་སུན་པའི་ངང་ང་ལ་ཨ་ལན་བྱིན། “ང་ཚོའི་གྲོང་ཚོའི་མི་རྒན་ཚོས་ཀྱང་ཁ་ལྷོ་ལ་གཏད་ནས་ག་དུས་ཡིན་རུང་གཅིག་བཤད་ཀྱིན་འདུག དེ་ཡང་སྟེས་དབང་ཡིན་ནམ་”
“སུས་ཤེས། ད་གཉིད་ཁུགས། བཞུ་མར་གྱི་སྣུམ་ཡང་རྫོགས་གྲབས་འདུག ཨོཾ་མ་ཎི་པད་མེ་ཧཱུཾ། ཨོཾ་མ་ཎི་་་་ ཕུ་་་”རྨོ་རྨོས་དེ་ལྟར་གསུངས་རྗེས་སྣུམ་བཞུ་དེར་ཕུ་བཏབ་པས་ཁང་ཁྱིམ་ཆ་ཚང་མུན་ནག་གི་ཡོལ་བས་བཏུམས། མུན་སྨག་གི་ཁྲོད་དུ་ངས་རང་གི་ལག་མཐིལ་ཡང་མི་རིག་ན། ལྷོ་ཕྱོགས་ནི་ག་ནས་མཐོང། འོན་ཀྱང་“ལྷོ་ཕྱོགས་ལ་དངོས་འབྲེལ་དམིགས་བསལ་གང་ཡང་མེད་དམ་”ཞེས་པའི་དྲི་བའི་རྔ་སྒྲ་འདི། ངའི་རྣ་བར་བར་མཚམས་མེད་པར་གྲགས་འོང་བས་ང་རང་ཁུ་སིམ་གྱི་རྨི་ལམ་དུ་རོལ་རྒྱུ་ནི་ཅི་འདྲའི་དཀའ་ཨང་།


“རྨོ་རྨོ། ང་ལ་ཕ་མ་མེད་དམ་”
“སུས་ཁྱོད་ལ་ཕ་མ་མེད་ཟེར་རམ། ཁྱོད་ལ་ཕ་མ་ལོས་ཡོད་”
“བྱས་ན་ད་ལྟ་གང་དུ་ཡོད་དམ་”
“ངས་ཀྱང་མི་ཤེས། ཁྱི་རྒན་དེ་ཚོས་གང་དུ་ཁྲིད་སོང་བ་ཡིན་ནམ་”
“ངའི་ཕ་མ་གཉིས་ཁྱིས་ཁྲིད་སོང་བ་རེད་དམ།”
“ཨ་ཙི། ཕྲུ་གུ་འདིར་བཤད་ནས་ཧ་གོ་རྒྱུ་མེད་པ་གང་ཡིན་ནམ། ད་ཁ་མ་མང་། གཉིད་ཉོལ། སང་སྔ་མོ་ནས་ང་ལམ་བཟོ་བར་འགྲོ་དགོས” རྨོ་མོས་བསུན་སྣང་ཆེན་པོས་དེ་ལྟར་གསུངས་པས།ང་རང་ཁུ་སིམ་མེར་འདུག་དགོས་བྱུང་།

“ལྷོ་ཕྱོགས་ན་གང་ཡང་མེད་དམ” ངས་ནམ་རྒྱུན་དགོང་དྲོ་ཚོགས་འདུ་མང་ཆེ་བའི་ཐོག་ཏུ་མང་ཚོགས་ལ་ཚགས་པར་བཀླགས་ནས། ངས་རྩ་བ་ནས་མི་གོ་བའི་དོན་དག་ཏེ། “འབྱོར་མེད་གྲལ་རིམ་སྲིད་དབང་སྒེར་འཛིན་”དང་། “ལྷ་འདྲེ་འདོན་བགེགས་གཙང་སེལ”སོགས་མང་པོ་ཞིག་འགྲེལ་བཤད་བྱེད་མཁན་གྱི་མི་དེར་དྲིས།
“ཆོ་མེད་ཁྱོད། སུས་ལྷོ་ཕྱོགས་ན་གང་ཡང་མེད་ཟེར” ཁོས་ཀྱང་སུན་སྣང་ངང་དེ་ལྟར་བཤད།
“འོ་ན། ལྷོ་ཕྱོགས་སུ་གཅིག་ཡོད་དམ།”
“ལོས་ཡོད། གཅིག་གིས་མ་ཚད་མང་པོ་ཡོད”
“ག་རེ་མང་པོ་ཡོད”
“རི། ཤིང་། ཆུ། རྡོ། མ་གཞི་ནས་ལྟས་ཕྲུག་ཁྱོད། དེ་དྲིས་ནས་ག་རེ་བྱེད”ཁོས་ལན་འདེབས་ཞོར་ང་ལ་ཚུར་དྲིས།
“དོན་གཞན་མེད། ངའི་རྨོ་མོས་དགོང་དྲོ་ལྷོ་ཕྱོགས་སུ་ཕྱག་འཚལ་གྱི་འདུག བྱས་ཙང་་་”
“ཕྱག” ཁོས་ཚིག་དེ་གོ་བ་དང་། ཁ་ནས་རྗེས་ཟློས་ཤིག་བྱས་ཤིང་། དེ་ནས་གདོང་མདོག་འགྱུར་ནས།ཁྱོད་ཀྱི་རྨོ་མོས་དངོས་འབྲེལ་ལྷོ་ཕྱོགས་སུ་ཕྱག་འཚལ་གྱི་འདུག་གམ”
“འདུག ཉིན་ལྟར་ཕྱག་འཚལ་གྱི་འདུག”
“ཨ་ལེ། དེ་འདྲ་ཡིན་པ་རེད། ཡ། ད་སོང་། ལྷོ་ཕྱོགས་སུ་ག་རེ་ཡོད་དམ། ཁྱད་མཚར་་་་་་་” ཁོས་ང་འབུད་ཐབས་བྱས་པ་དང་འབྲེལ་རང་གིས་རང་ལ་དྲི་བ་དེ་དྲིས།

དགོང་དྲོ་དེར། རྨོ་མོས་ཕྱག་འཚལ་ཁར་གློ་བུར་དུ་མི་ཁ་ཤས་ཡོང་ནས་ཁྲིད་སོང་། ངས་སྐད་ཤུགས་ཆེན་པོས་རྨོ་མོའི་རྗེས་སུ་འབྲངས་ནས་ངུ་ཞོར་དུ་རྒྱུག་སྐབས་ཁྱིམ་མཚེས་རྒད་པོས་ང་རང་དམ་དུ་བཟུང་། དགོང་མོ་དེར་ངས་མཚན་གང་ངུས་ནས་རྨོ་མོ་བསྒུགས། འོན་ཀྱང་དུས་དེ་ནས་བཟུང་རྨོ་མོ་གཏན་ནས་ལོག་མ་བྱུང་།

ཁྱིམ་མཚེས་རྒད་པོས་ང་ལ་ཟས་གོས་བྱིན་ཞིང་བྱམས་སྐྱོང་བྱས་པས་ངས་ཀྱང་རིམ་པས་ཁོང་ལ་“སྤོ་བོ”ཞེས་བརྗོད་ཀྱི་ཡོད། ཡིན་ནའང་སྤོ་བོ་ལགས་ཀྱིས་ངའི་དྲི་བ་ལ་ལན་གཏན་ནས་མི་འདེབས། ངས་རྒྱུན་མཐུད་དེ་“ངའི་རྨོ་མོ་གང་དུ་སོང་བ་རེད་”ཅེས་འདྲི་སྐབས་སྤོ་བོས་ང་ལ་མིག་ལོག་ཅིག་དང་མཉམ་དུ་“བསོད་སྐམ་པ་ཁྱོད། སྐྱེས་པ་ནས་བཀྲ་ཤིས་པ་ཞིག་མ་བྱུང་། སྐྱེས་མ་ཐག་ཙམ་ནས་ཕ་མ་གཉིས་ཁྱི་རྒན་གྱིས་ཁྲིད་པ་མ་ཟད། ད་ལྟ་རྨོ་རྨོའམ་ཁྲིད། ད་ནི་ཟ་རྒྱུ་ཡོད་པ་དག་ཟོ། འཐུང་རྒྱུ་ཡོད་པ་དག་འཐུང་། དེ་མིན་ཁྱི་ཁ་ཚུམས་ལ་མི་རྒན་གྱི་ལས་ལ་མི་ཆུང་གིས་ཐེ་ཇུས་མ་བྱེད་”ཟེར་བས། དེ་ནས་བཟུང་ངས་ཀྱང་ཁོང་ལ་དྲི་བ་གཅིག་ཀྱང་འདྲི་མ་མྱོང་།

མ་གཞི་ང་རང་ལོ་ཇེ་ཆེར་སོང་བ་དང་བསྟུན་ནས་སེམས་ནང་། ངའི་ཕ་མ་གཉིས་སུ་ཡིན་ནམ། གང་དུ་ཡོད་དམ་ལྟ་བུའི་དྲི་བ་གཞན་དག་ཇེ་མང་དུ་སོང་ལ། ང་རང་གི་སློབ་སྦྱོང་དང་མདུན་ལམ་སྐོར་ལ་བསམས་དགོས་པས། སྐབས་ཤིག་རིང་ལྷོ་ཕྱོགས་སུ་ག་རེ་ཡོད་དམ་ཞེས་པའི་དྲི་བ་དེར་བསམ་ལོང་མེད་པར་གྱུར། འོན་ཀྱང་ང་རང་ཕོ་ལོ་ལྔ་གསུམ་བཅོ་ལྔར་སོན་སྐབས། ཚགས་པར་དང་རླུང་འཕྲིན་ནང་ནས། ཆོས་དད་རང་མོས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་པ་ཡིན་ཟེར་བས། རིམ་པས་ལུང་པའི་རྒན་རྒོན་ཚོས་ལག་ཏུ་ཕྲེང་བ་མངོན་གསལ་དོད་པོས་འཁྱེར་བ་མ་ཟད། ཚེས་བཟང་དུས་བཟང་ནམ་ཡིན་ལ། ང་ཚོའི་གྲོང་ཚོའི་མཁའ་ལམ་དུ་དྲི་བཟང་བསང་གི་དུས་སྤྲིན་ཆད་དུས་མེད་པར་གྱུར། དེ་དང་མཉམ་དུ་ངའི་སེམས་ཀྱི་མཁའ་དབྱིངས་སུ་ཡང་། “ལྷོ་ཕྱོགས་སུ་གང་ཡོད་དམ་”ཞེས་པའི་དྲི་བའི་དར་ལྕོག་དེ་ལྷབ་ལྷུབ་ཏུ་གཡོས་བྱུང་། རྒྱུ་མཚན་ནི་རྒན་རྒོན་ཚོ་ཚང་མས་ཕྱག་འཚལ་སའི་ཕྱོགས་ནི་ལྷོ་ཡིན་ལ། སྨོན་ལམ་འདེབས་སའི་ཕྱོགས་ཀྱང་ལྷོ་ཡིན་པ་མ་ཟད། ལྷོ་ཡི་ཁྲུང་ཁྲུང་དཀར་མོ་ང་ཚོའི་གྲོང་ཚོར་ལོག་ཡོང་སྐབས་དང་། དགུན་དུས་ཁྲུང་ཁྲུང་ཁྱུ་དང་ཁྱུ་བྱས་ཏེ་ལྷོ་རུ་འཕུར་སྐབས། རྒན་རྒོན་ཚོས་ལྷོ་ཡི་ཕྱོགས་སུ་མིག་ཟུང་ཅེར་ཞིང་། གདོང་གི་ཆུ་བོའི་ངོས་སུ་སྐྱོ་ཉམས་ཀྱི་རླབས་རིས་གསལ་བས་རེད། ལྷག་པར་ངའི་སྤོ་བོ་འདས་ཁར། ཨུ་ཚུགས་ཀྱིས་ཁ ལྷོ་རུ་གཏད་ནས་ཕྱག་བཙལ་བ་མ་ཟད་མིག་ཆུ་ཁྲུམ་ཁྲུམ་ངང་སྨོན་ལམ་གསལ་ལ་མི་གསལ་འགའ་བཏབ།

“ལྷོ་ཕྱོགས་སུ་གང་ཡོད་དམ་”ངས་འཛིན་ཁང་ནང་གི་སློབ་གྲོགས་ཚོའི་ཁྲོད་དུ་ལངས་ནས་དགེ་རྒན་ལ་ཐམས་ཀར་དྲིས། 
“དྲི་བ་འདི་སློབ་ཚན་དང་འབྲེལ་བ་གང་ཡང་མི་འདུག ད་ལྟ་སྐད་ཡིག་སློབ་ཚན་སློབ་བཞིན་པ་ལས། ས་རྒྱུས་སློབ་ཚན་མ་རེད་” རྒན་ལགས་ཀྱིས་ཅུང་ཟད་མ་མཉེས་པའི་ཉམས་ཀྱིས་ང་ལ་དེ་ལྟར་གསུངས།
“བྱས་ན། དྲི་བ་འདིར་ས་རྒྱུས་དགེ་རྒན་གྱིས་ལན་ཏན་ཏན་འདེབས་ཐུབ་བམ”ངས་རེ་བ་ཆེན་པོའི་མིག་མདངས་ཀྱིས་རྒན་ལགས་ལ་དྲིས།
“ཁྱོད་ཀྱི་དྲིས་དང་། ལན་འདེབས་ཐུབ་མིན་དེ་ནས་ཤེས་ཐུབ་”

“ལྷོ་ཕྱོགས་སུ་གང་ཡོད་དམ་”ས་རྒྱུས་སློབ་ཚན་གྱི་སྐབས་སུ་ངས་ཧ་ཅང་བྲེལ་སྟབས་ཀྱིས་དྲི་བ་དེ་དྲིས།
“ད་ལྟ་སློབ་ཁྲིད་ལ་ཉན་པའི་དུས་རེད་མ་གཏོགས། དྲི་བ་དྲི་ལན་བྱེད་པའི་དུས་ཚོད་མ་རེད་” རྒན་ལགས་ཀྱིས་ད་ལྟ་འཁྲིད་བཞིན་པའི་སློབ་ཚན་དང་འབྲེལ་བ་གང་ཡང་མེད་པའི་དྲི་བ་དེ་ཐོས་པ་དང། མ་དགའ་བའི་ཉམས་ཀྱིས་དེ་སྐད་གསུངས།

“རྒན་ལགས། ལྷོ་ཕྱོགས་སུ་གང་ཡོད་དམ་” ངས་ཡུན་རིང་བསྒུགས་པའི་མཐར་དྲི་བ་དྲི་ལན་བྱེད་པའི་དུས་ཚོད་ཤར་བས་ཚམ་ཚོམ་མེད་པར་དྲིས། སློབ་གྲོགས་ཚོས་ང་ལ་ཡ་མཚན་མཚན་ངང་མིག་གིས་ཅེར་ནས་འདུག
“ལྷོ་ཕྱོགས་ཨེ། ཁྱེད་ཀྱིས་བཤད་པའི་ལྷོ་ཕྱོགས་དེ་གང་ལ་ངོས་འཛིན་དགོས། འཛམ་གླིང་རིལ་རིལ་རེད། འདི་ནས་ཕ་གི་ལྷོ་ཕྱོགས་སུ་བརྩིས་ན། དེའི་ཕ་གི་ནས་དེ་བྱང་ཕྱོགས་སུ་བརྩིས་པ་རེད། དེའི་དབང་གིས་ཁྱེད་ཀྱིས་ལྷོ་རུ་བརྩི་ས་དེ་གཞན་གྱིས་ནུབ་ལ་བརྩི་བའང་ཡོད། དཔེར་ན་་་་”རྒན་ལགས་ཀྱིས་དེ་ལྟར་ཆུ་རྒྱུག་རྒྱུག་ངང་དཔེ་ལ་དཔེ་སྦྱར་ནས་མང་པོ་ཞིག་གསུངས་རྗེས་ང་ལ་ཕྱོགས་ནས། “དེ་བས་ཁྱེད་ཀྱིས་བཤད་པའི་ལྷོ་ཕྱོགས་གང་ཡིན། མ་གཞི་ནས་ཁྱེད་ཀྱིས་དྲི་བ་འདི་འདྲི་དགོས་དོན་གང་ཡིན་ནམ་”ཟེར།

“ང་ཚོའི་ལུང་པ་ནས་བརྩིས་པའི་སྤོ་བོ་རྨོ་རྨོ་ཚོས་ཕྱག་འཚལ་སའི་ལྷོ་ཕྱོགས་དེ་ཡིན། དྲི་བ་འདྲི་བའི་དགོས་པ་ཡང་། རྒན་ཁོག་ཚོས་ལྷོ་རུ་ཁ་ཕྱོགས་ནས་ཕྱག་འཚལ་བའི་རྒྱུ་མཚན་ཤེས་ཆེད་ཡིན་”ངས་ཧ་ཅང་གསལ་པོའི་ངང་ལན་དེ་ལྟར་བཏབ་པས་སློབ་ཁང་དགོད་སྒྲས་ཁེངས། རྒན་ལགས་ཀྱིས་བསམ་གཞིགས་ཅུང་ཟད་བྱས་རྗེས། “ལུང་པ་འདི་ནས་བརྩིས་པའི་ལྷོ་ཕྱོགས་སུ་གནས་རི་རྩ་ཆེན་གངས་ཏི་སེ་ཞེས་པ་དེ་ཡོད་པ་རེད། རྒན་ཁོག་ཚོས་དེར་ཁ་ཕྱོགས་ནས་ཕྱག་འཚལ་བ་རེད་”ཟེར།
“ང་ཚོའི་ལྷོ་ཕྱོགས་སུ་གངས་རིན་པོ་ཆེ་སྔོན་མ་ནས་ཡོད་པ་ཨེ་རེད”
“རེད།”
“བྱས་ན། སྔོན་མ་རྒན་ཁོག་ཚོས་ང་ཚོའི་ལུང་པ་ནས་བརྩིས་པའི་བྱང་ཕྱོགས་ཏེ། ལྷ་སར་ཕྱོགས་ནས་ཕྱག་འཚལ་བ་མ་གཏོགས། ལྷོ་ཕྱོགས་ཏེ། གངས་རིན་པོ་ཆེར་ཕྱག་མི་འཚལ་བའི་རྒྱུ་མཚན་གང་རེད། ད་ལྟ་ལྷ་ས་མེད་པ་རེད་དམ་”
“་་་ ་་་”རྒན་ལགས་ལ་ཁ་གྲག་རྒྱུ་མེད་པར་གྱུར།

གནས་ཚུལ་འདིས་རྐྱེན་བྱས་ཏེ། སློབ་གྲྭའི་ནང་ང་ལ་“དགེ་རྒན་ལྐུགས་པར་གཏོང་མཁན་”ཞེས་པའི་མིང་གྲགས་ཐོབ་ཀྱང་། ང་ལ་མ་ཁི་སི་ལེ་ཉིན་རིང་ལུགས་རྒྱུན་འཁྱོངས་བྱེད་སའི་འཛིན་གྲྭའི་ནང་ལྷ་འདྲེ་གདོན་བགེགས་དང་འབྲེལ་བའི་དྲི་བ་དྲིས་པའི་ཉེས་མིང་འོག་སློབ་གྲྭ་ནས་ཕྱིར་འབུད་བྱས། ང་ཚོའི་ས་རྒྱུས་དགེ་རྒན་ལ“ཕམ་རྒན” ཞེས་པའི་མིང་ངན་ཐོགས། འོན་ཀྱང་ང་ཚོ་སུས་ཀྱང“ལྷོ་ཕྱོགས་སུ་གང་ཡོད་དམ” ཞེས་པའི་དྲི་བ་འདིར་དོན་མཐུན་གྱི་ལན་ཞིག་མ་བརྙེད་པའི་ཐོག་མིང་ངན་ཡོངས་གྲགས་སུ་གྱུར་བའི་ས་རྒྱུས་ཀྱི་དགེ་རྒན་ཏེ“ཕམ་རྒན” གར་སོང་ཆ་མེད་དུ་གྱུར། དེར་བརྟེན“ལྷོ་ཕྱོགས་སུ་གང་ཡོད་དམ” ཞེས་པའི་དྲི་བའི་ཐོག་ཏུ“ཕམ་རྒན་གང་དུ་ཡོད་དམ ” ཞེས་པའི་དྲི་བ་གསར་པ་འདི་སློབ་གྲྭ་ཡོངས་སུ་ཁྱབ་ཞིང་། དྲན་རྒྱུ་རྒོད་པོ་འགས། “ལྷོ་ཕྱོགས་ན། ཕམ་རྒན་ཡོད་”ཅེས་སྨྲ།

“ལྷོ་ཕྱོགས་སུ་གང་ཡོད་དམ་” ལོ་ངོ་གསུམ་གྱི་རྗེས་ངས་ཨ་མཆོད་ཚུལ་ཁྲིམས་ལགས་སུ་རེ་བ་ཆེན་པོས་དེ་ལྟར་དྲིས། 
“ལྷོ་ཕྱོགས་སུ་འདི་དང་འདྲ་པོ་རེད། ཏོག་ཙམ་མི་འདྲ་ས་དེ། ཕར་ཕར་སོང་ན། གངས་རི་རེད། ང་སྔོན་མ་གངས་རིན་པོ་ཆེར་གནས་སྐོར་ལ་འགྲོ་དུས་་་་་་་” ཨ་མཆོད་ཚུལ་ཁྲིམས་ཀྱིས་སྔོན་མ་གནས་སྐོར་དུ་བསྐྱོད་སྐབས་ཀྱི་གོ་གོ་རིག་རིག་བྱུང་ཚད་ང་ལ་གསུངས་མོད། འོན་ཀྱང་ངའི་སེམས་ལ་ང་ལ་དགོས་པའི་ལན་དེ་མེད་པ་ལྟ་བུར་སྣང་། མ་གཞི་ཁོང་གི་ངོས་ནས་ངའི་དྲི་བར་ལན་རྒྱས་ཐག་ཆོད་ཅིག་བཏབ་པར་སྙམ་ཡོད་ངེས། ངས་སྲན་མི་ཚུགས་པའི་ངང་། “ཁྱེད་ཀྱི་གསུངས་པ་དེ་དང་། ཁྱེད་ཚོས་ངེས་པར་ལྷོ་ཕྱོགས་སུ་ཕྱག་འཚལ་དགོས་པའི་དབར་འབྲེལ་བ་ག་རེ་ཡོད་དམ་”ཞེས་ཞུས་པར། ཨ་མཆོད་འདྲོགས་སོང་། ཁོང་གིས་“ཁྱོད། ལྟས་ཕྲུག ཁྱོད་ཀྱིས་ཀྱང་ངའི་ཁོག་པ་དྲུས་ནས་བཙོན་ཁང་ལ་སྐྱེལ་བསམ་མམ། མིན། ང་ལོ་ངོ་བཅོ་ལྔ་ཏག་ཏག་བཙོན་ལ་བསྡད་ཚར། ཕར་སོང་། ངས་མི་ཤེས།”ཞེས་གོ་རིམ་མེད་པར་བཤད་རྗེས། ལྷོ་ཕྱོགས་སུ་ཤར་རེར་བུད་སོང་།། ང་ལངས་སྡོད་ས་ནས་བརྩིས་པའི་ཕྱོགས་ཏེ། ཁོ་རང་གི་ཁྱིམ་དུ་བུད་སོང་། ཁོ་ལའང་ཁག་ཅི་ཡོད། ང་ནི་ད་ཆ་རྫོང་སྤྱི་བདེ་ལས་ཁུངས་ཀྱི་འཕྲལ་སེལ་ལས་བྱེད་ཅིག་ཡིན་ཞིང་། ནམ་རྒྱུན་འཕྲིན་ཡིག་ཕར་སྐྱེལ་ཚུར་ལེན་ཙམ་ལས་གནད་འགག་ཆེ་བའི་ལས་གནས་གང་ཡང་མེད་མོད། ཨ་མཆོད་ཁོང་ཚོའི་སེམས་སུ་གཞན་པའི་ཞིག་འཆར་བཞིན་ཡོད་ངེས། གང་ལྟར། ལྷོ་ཕྱོགས་ན་ག་རེ་ཡོད་མེད་མ་ཤེས་ཀྱང་། དེར་གསང་བ་ཆེན་པོ་ཞིག་ཡོད་པ་ཨ་མཆོད་ཀྱི་རྣམ་འགྱུར་ལས་ངས་ཚོད་དཔག་ཐིག་པས་ངའི་སེམས་སུ་དགའ་བ་སྐྱེས་བྱུང་། དངོས་གནས་དགའ་སྤྲོ་སྐྱེས་བྱུང་།

འོན་ཀྱང་། ཕྱི་ཉིན་ང་སྤྱི་བདེ་ལས་ཁུངས་སུ་ནམ་རྒྱུན་བཞིན་ལས་ཀར་སྐྱོད་སྐབས། ངའི་དགའ་སྤྲོ་དེ་སྐྱོ་སྣང་ལ་གྱུར་སོང། རྒྱུ་མཚན་ནི། ཨ་མཆོད་ཚུལ་ཁྲིམས་ཀྱིས་སྤྱི་བདེ་ལས་ཁུངས་སུ་ཡོང་ནས་སྔོན་མ་བཅིངས་འགྲོལ་མ་བྱས་སྔོན་རང་ཉིད་གངས་རིན་པོ་ཆེར་གནས་སྐོར་ལ་འགྲོ་མྱོང་རུང་། དེ་ནི་འདས་ཚར་པ་ཞིག་ཡིན་པ་དང་། རང་ཉིད་དེ་སྔོན་བཙོན་ཁང་ནང་དུ་སྡོད་སྐབས་སུ་དེ་དག་ནོར་འཁྲུལ་ཡིན་པའི་ངོས་ལེན་གཙང་མ་བྱས་ཟིན་ལུགས། ད་ཆ་ལྷོ་རུ་ཁ་གཏད་ནས་ཕྱག་འཚལ་རྒྱུ་ལྟ་ཅི་མ་ཎི་ཡང་བགྲང་གི་མེད་ཅེས་རང་ཉིད་དག་འབུད་བྱས་པས། སྤྱི་བདེ་ལས་ཁུངས་ཀྱི་མི་སྣ་རྣམས་ཐོག་མར་མགོ་རྨོངས་ཤིང་། དེ་ནས་ཞིབ་བརྩད་བྱེད་སྐབས་གནས་ཚུལ་དེའི་འབྱུང་རྩ་ནི་ངའི་དྲི་བ་སྟེ། “ལྷོ་ཕྱོགས་སུ་གང་ཡོད་དམ་”ཞེས་པའི་དེར་ཐུག་པ་ཤེས་ནས། སྐད་ཅིག་དེ་ཉིད་དུ་ང་ལ་སྲིད་དབང་བེད་སྤྱོད་བྱས་ནས་མང་ཚོགས་ཀྱི་ཆོས་དད་རང་མོས་ལ་འགོག་རྐྱེན་བཟོ་མཁན་ཡིན་པའི་དོགས་གནས་བཅངས་ཏེ་ཉིན་གསུམ་ཏག་ཏག་བཀག་ཉར་བྱས། འོན་ཀྱང་ང་ལ་ཞིབ་བརྩད་བྱ་རྒྱུ་ཅི་ཞིག་ཡོད་དེ། ངས་དྲི་བ་འདི་འདྲི་བའི་དམིགས་ཡུལ་ནི། ངའི་རྨོ་རྨོ་གཙོ་རྒྱུར་རྒན་རྒོན་མང་པོ་ཞིག་གིས་རྒྱུན་དུ་ལྷོ་ཕྱོགས་སུ་ཕྱག་འཚལ་བས་ན། དེའི་རྒྱུ་མཚན་ཤེས་འདོད་པ་ལས། དེ་མིན་དམིགས་ཡུལ་དང་རྒྱུ་མཚན་གང་ཡང་མེད་ཅེས་ཨུ་ཚུགས་མཐར་སྐྱེལ་བྱས་པས། ཁོང་ཚོས་ང་གློད་གྲོལ་བཏང་བ་དང་མཉམ་དུ་ངའི་ལྟོ་ཕོར་གཅིག་པུ་དེ་ཡང་ཧྲུག་ཆག་ཏུ་བཏང་བ་སྟེ། འཕྲལ་སེལ་གྱི་ལས་གནས་དེ་ནས་ཕྱིར་འབུད་བྱས། ད་དུང་ཕྱིན་ཆད་མང་ཚོགས་སུ་ལའང་དྲི་བ་དེ་འདྲི་མི་ཆོག་པའི་ཐ་ཚིག་བསྒྲགས།

“ལྷོ་ཕྱོགས་སུ་ག་རེ་ཡོད་དམ་”ངས་དྲི་བ་འདིའི་ཆེད་དུ་ད་ཕན་དོན་མེད་ཀྱི་སྡུག་པོ་མང་པོ་མྱངས་མོད། འདིས་ཕན་ཐོགས་ལྟ་ཅི། གནོད་སྐྱོན་མང་པོ་བྱུང་བས། ད་ནི་རང་ཉིད་མ་འཆི་གོང་དྲི་བ་འདིའི་ལན་མཐར་ཐུག་དེ་ཤེས་པར་བྱ་རྒྱུ་ནི། རང་གི་མི་ཚེ་འདིའི་བསྐོས་ཐང་ཡིན་པ་འདྲ། འོན་ཀྱང་གཞན་ལ་འདྲི་མི་ཆོག་པའི་གནས་སྟངས་ཀྱི་འོག་ཏུ་དྲི་བ་འདིའི་ལན་ཇི་ལྟར་ཤེས་དགོས་སམ། ངས་སེམས་ཐག་གཙང་བཅད་ངང་རང་ལ་རྨོ་རྨོ་དང་སྤོ་བོས་བཞག་པའི་རྒྱུ་དངོས་རིན་ཐང་ཆེ་བ་གང་ཡོད་བཙོངས་ནས་དཔེ་དེབ་ཉོས། ངས་ཁང་པ་མགོ་ལ་གྱོན་ཞིང་དཔེ་དེབ་ཀྱིས་ཨོལ་སྒྲོག་བྱས་ཏེ་“ལྷོ་ཕྱོགས་སུ་ག་རེ་ཡོད་དམ་”ཞེས་པའི་ལན་བཙལ།

“མཐའ་འཁོབ་བོད་ནས་བརྩིས་པའི་ལྷོ་ཕྱོགས་སུ་འཕགས་ཡུལ་རྡོ་རྗེ་གདན་ཡོད། དེར་མཉམ་མེད་ཟས་གཙང་སྲས་ཀྱིས་་་་་”
“ཐོན་མིས་རྒྱ་གར་དུ་ལམ་བགྲོད་པར་དཀའ་བ་དང་། ཚ་བ། གཅན་གཟན་སོགས་ཀྱི་འཇིགས་པ་ལ་མ་འཛེམས་པར་་་་་”
“ལྷོ་ཕྱོགས་འཕགས་ཡུལ་ནས་མཁན་སློབ་གཉིས་གདན་དྲངས། བསམ་ཡས་གཙུག་ལག་ཁང་བརྩིགས། བོན་གྱི་སྟན་པ་བསྣུབས། སྒྲ་བསྒྱུར་གྱི་སྡེ་བཙུགས་”
“བཙན་པོའི་རྒྱལ་རབས་སིལ་བུར་་་་”
“ཤོང་སྟོན་ལོ་ཙཱ་བ་རྒྱ་གར་དུ་སོང་ནས་་་་་་འཕགས་པའི་བཀའ་བཞིན་སྙན་དངགས་མེ་ལོང་མ་བོད་དུ་བསྒྱུར་་་”
“མར་པ་ལོ་ཙཱ་བའང་ལྷོ་ཕྱོགས་རྒྱ་གར་དུ་ལན་གཅིག་མིན་པར་་་”
“དགེ་འདུན་ཆོས་འཕེལ་ཡང་ལྷོ་ཕྱོགས་རྒྱ་གར་འཕགས་པའི་ཡུལ་དུ་་་་”
“ཨ། ཧ་ཧ། ད་ངས་ཁྱོད་ཀྱི་དྲི་བ་དེའི་ལན་ཤེས་སོང་” གློ་བུར་དུ་“ཕམ་རྒན་”གྱིས་ངའི་དཔེ་མཚམས་བསྡམས་སའི་ཁང་པའི་སྒོ་ཤུགས་ཀྱིས་ཕྱེས་ནས་ནང་དུ་འཛུལ་ཡོང་བ་དང་བྲེལ་སྐད་ཤུགས་ཆེན་པོས་དེ་སྐད་ཟེར།
“ཁྱེད་ཀྱིས་ཤེས་ཡོད་ནའང་འདྲ། མེད་ནའང་འདྲ། གང་ལྟར་འཕྱིས་དྲགས་སོང་། གང་ཡིན་ཟེར་ན། དྲི་བ་དེའི་ལན་ངས་ད་ལྟ་ཤེས་ཐུབ་སོང་བས། ང་ལ་མཚོན་ན། ད་ཆ་དེ་དྲི་བ་ཞིག་མ་རེད་”ངས་སྤོབས་སེམས་ཆེན་པོས་དཔེ་དེབ་མཐུག་པོ་རྣམས་གྲལ་འགྲིག་པོར་འཇོག་ཞོར་དེ་ལྟར་བཤད།

“ཁྱོད་ཀྱིས་གང་ལས་ཤེས་སམ”
“འདི་དག་ལ་བརྟེན་ནས་” ངས་གྲལ་འགྲིག་པོར་བརྩེགས་པའི་དཔེ་དེབ་རྣམས་ལ་མཛུབ་མོ་འཛུགས་ཞོར་ངའོ་སྙམ་པའི་ཉམས་དང་བཅས་ཏེ་བརྗོད།
“མི་སྲིད། མཐིལ་ཕྱིན་པ་ཞིག་རྩ་བ་ནས་ཤེས་ཡོད་མི་སྲིད། ཁྱོད་ཀྱིས་གཅིག་ཤོད་དང་། ད་ཐེངས་འགྲིག་ན་ང་དངོས་གནས་“ཕམ་རྒན་” ཡིན་པ་ཁས་བླངས་ཆོག” ཕམ་རྒན་གྱིས་གཟབ་ནན་ངང་དེ་ལྟར་ཟེར་བས། ངས་གདེང་ཚོད་ཡོད་པའི་ངང་། “མི་སྲིད་ཨེ། སྲིད་དང་མི་སྲིད་ཁྱོད་ཀྱིས་ཐག་གཅོད་ནུས་སམ། ཁྱོད་ཀྱིས་ངའི་དྲི་བར་ལན་འདེབས་མ་ཐུབ་པར་བརྟེན། ངས་སློབ་གྲྭའི་ནང་“རྨོངས་དད་”དང་། “ལྷ་འདྲེ་གདོན་བགེགས” ཅན་གྱི་དྲི་བ་དྲིས་པ་རེད་ཅེས་སློབ་གྲྭ་ནས་ཕྱིར་འབུད་བྱས་པ་དེའང་ཁྱོད་ཀྱིས་ཨེ་སྲིད་སྙམ་པ་ཡིན་ནམ། གལ་སྲིད་ཁྱོད་ཀྱིས་དེ་དུས་ལན་ཏག་ཏག་བཏབ་ཡོད་ན། ད་ཆ་ང་ལས་མེད་ལྟོ་མེད་ཀྱི་མི་ཞིག་མ་ཡིན་པར། དེ་ལས་ལྡོག་སྟེ་སློབ་གྲྭ་ཆེན་མོ་ཐོན་པའི་ལས་བྱེད་པ་ཞིག་ཡིན་ངེས། དྲང་པོ་བཤད་ན། དྲི་བ་དེའི་ལན་བརྙེད་རྗེས་ང་རང་དངོས་གནས་བློ་ཕམ་བྱུང་། ལན་སྙིང་པོ་མེད་པ་འདི་འདྲ་ཞིག་གི་ཆེད་དུ་ངས་སྡུག་བསྔལ་དེ་ཙམ་མྱངས་པ་དངོས་གནས་དོན་མེད་རང་རེད། ཁྱོད་རང་ཉོན་དང་། ལྷོ་ཕྱོགས་ལ་ཕྱག་འཚལ་དོན་ནི་གཞན་མ་ཡིན་པར། བོད་ལ་དུས་རབས་བདུན་པའི་ནང་ནས་དར་བའི་ཡི་གེ་དང་། ནང་ཆོས། སྙན་དངགས་སོགས་ཀྱི་ཁུངས་ཆ་ཚང་བོད་ནས་བརྩིས་པའི་ལྷོ་ཕྱོགས་ཏེ། རྒྱ་གར་འཕགས་པའི་ཡུལ་ནས་ཡིན་པ་དང་། ཡུལ་དེར་སངས་རྒྱས་དངོས་སུ་བྱོན་པ་མ་ཟད། མཁས་གྲུབ་གྲངས་ལས་འདས་པ་ཡང་བྱོན་པ་དང་། རང་རེའི་བོད་ཀྱི་མཁས་གྲུབ་མང་ཆེ་བའང་རྒྱ་གར་དུ་ཕེབས་ནས་ཐོས་བསམ་སློབ་གཉེར་གནང་མྱོང་བ་སོགས་ཀྱི་ཆ་ནས་རེད། དཔེར་ན་་་” ངས་ཀྱང་ཕམ་རྒན་གྱིས་སློབ་འཁྲིད་བྱེད་སྟངས་ཇི་བཞིན་དཔེ་ལ་དཔེ་སྦྱར་ནས་རང་གི་ཁྱད་དུ་འཕགས་པའི་བཤད་རྩལ་ངོམས།

ཕམ་རྒན་གྱིས་ཐོག་མར་ངའི་སྐད་ཆར་དོ་སྣང་ཆེན་པོས་ཉན་ཞིང་། མཐར་ཧ་ཧ་དང་། ཧུ་ཧུའི་གད་མོ་གྲོད་པ་ན་ན་དགོད་ཚུལ་ལ་བརྟགས་ན་ཁོ་རང་ངའི་རྣམ་དཔྱོད་ལ་ཧང་སངས་ཐག་ཆོད་ཡོད་པ་འདྲ།
“ ད་འགྲིག་སོང་ངམ” ངས་གད་མོས་རིལ་ལ་ཉེ་བའི་ཕམ་རྒན་ལ་ཕྱོགས་ཏེ་དེ་ལྟར་དྲིས། ཕམ་རྒན་གྱིས་དགོད་མཚམས་བཞག་ནས“ དེ་ལྟར་ཡིན་ན། སྔོན་མ་ལུང་པ་འདིའི་མི་ཚོས་ལྷོ་ཕྱོགས་སུ་ཁ་གཏད་ནས་ཕྱག་མི་འཚལ་བའི་རྒྱུ་མཚན་གང་རེད་དམ” ཞེས་དྲིས་བྱུང་།
“དེ་ཟེར་རམ། དྲི་བ་དེ་ཡོང་བར་ངས་བསྒུགས་ནས་བསྡད་ཡོད། སྔོན་མའི་མི་དང་ད་ལྟའི་མི་ཚད་བསྡུར་བྱ་མི་རུང་། སྔོན་མ་རྒན་རྒོན་ཚོ་མང་བ་ཆོས་ཀྱི་གནས་ལུགས་ལྟ་ཅི་ཡི་གེ་ཡང་མི་ཤེས་པ་རྐྱང་ཡིན་པས། ཁོང་ཚོའི་སེམས་ནང་རིན་ཐང་ཆེ་ཤོས་ནི། ལྷ་སའི་ཇོ་བོ་ཤཱཀྱ་རྣམ་གཉིས་དང་། གྲྭ་ས་སེར་འབྲས་དགེ་གསུམ་རེད། ད་ཆ་བོད་ལ་བཅིངས་འགྲོལ་བྱས་པའི་ཚུན་ལ་གཞི་རིམ་མང་ཚོགས་ལ་སློབ་གསོ་སྤྲོད་རྒྱུ་གཙོ་བོར་བཟུང་སྟབས། ཁོང་ཚོའི་བསམ་བློའི་ཆུ་ཚད་གོང་མཐོར་སོང་ནས། རང་གིས་དད་མོས་བྱེད་སའི་ཆོས་ཀྱི་ཁུངས་རྒྱ་གར་ཡིན་པ་ཤེས་སྟབས་ཕྱག་འཚལ་སའི་ཁ་ཕྱོགས་ཀྱང་བསྒྱུར་བ་རེད” ངས་སྔ་ས་ནས་བསམ་གཞིགས་བྱས་པའི་སྐད་ཆ་རྣམས་ཕམ་རྒན་ལ་བཤད། “དེ་འདྲ་ཡིན་ན། རྒན་རྒོན་ཚོ་སུ་ལ་དྲིས་ནའང་དེའི་རྒྱུ་མཚན་མི་ཤོད་པ་གང་ཡིན་ནམ” 
“དེ་ལས་སླ་པོ་རེད། ཁོང་ཚོའི་གོ་རྟོགས་ཇི་ཙམ་སད་ནའང་། ད་དུང་ཁོང་ཚོ་དང་ང་ཚོའི་དབར་ལའང་ཁྱད་པར་ཡོད། ཁོང་ཚོས་དད་མོས་བྱེད་ས་དེ་ཆོས་ལུགས་ཤིག་རེད། ཆོས་ལུགས་ཤིག་ཡིན་ཕྱིན་རྨོངས་དད་རེད། ང་ཚོར་དངོས་ཐོག་བདེན་འཚོལ་དང་། ཚན་རིག་གི་ཤེས་བྱ་ལས་རྨོངས་དད་ཀྱི་བསམ་བློ་མེད་པར་བརྟེན། རྒན་རྒོན་ཚོས། ང་ཚོར་རང་གི་ལྟ་ཚུལ་བཤད་ན་ང་ཚོའི་རྣ་བར་མི་འགྲོ་བ་དང་། ང་ཚོའི་ལྟ་ཚུལ་ཁོང་ཚོར་བཤད་ན། ཁོང་ཚོའི་རྣ་བར་མི་འགྲོ་བས། རྟ་གཡག་མགོ་སྦྲེལ་བྱེད་དགོས་དོན་མི་འདུག་སྙམ་པ་རེད། ཁོང་ཚོ་དངོས་གནས་སྙིང་རྗེ་” ངས་ད་ཐེངས་ཕམ་རྒན་ལ་བསྐྱར་འདྲི་བྱ་རྒྱུ་མེད་པའི་ལན་ཞིག་བཏབ་ཡོད་སྙམ་པ་དང་འབྲེལ་ཕམ་རྒན་ཡོངས་སུ་ཕམ་པ་བཟོ་ཐུབ་ནའང་། སྙིང་པོ་མེད་པའི་ལས་ཀ་འདིའི་ནང་གི་སྙིང་པོ་ཅུང་ཡོད་པ་ཞིག་རེད་སྙམ་བྱུང་། འོན་ཀྱང་ཕམ་རྒན་གྱིས་མིག་ཤེལ་འོག་ནས་མིག་གཉིས་ཁྲ་རོག་གེར་འགུལ་བཞིན་བསྐྱར་འདྲི་བྱས་བྱུང་།

“ཁྱེད་ཀྱི་འདོད་པ་ལྟར་ན། ཨ་མཆོད་ཚུལ་ཁྲིམས་ཀྱིས་ཀྱང་བཅིངས་འགྲོལ་མ་བཏང་སྔོན་དུ་དམ་པའི་ཆོས་ཀྱི་འབྱུང་ཁུངས་ལྷོ་ཕྱོགས་རྒྱ་གར་ཡིན་པ་མ་ཤེས་པ་རེད་ཟེར་རམ། ཨ་མཆོད་ཚུལ་ཁྲིམས་དེ་སྔོན་འབྲས་སྤུངས་དགོན་པ་ནས་ནང་པའི་ཆོས་ལ་སྦྱངས་པ་མཐར་ཕྱིན་པ་གནང་བ་མ་ཟད། རིག་པའི་གནས་གཞན་ལའང་ཇི་ཙམ་མཁས་པ་ཁྱོད་ཀྱིས་ཤེས་གསལ་རེད།”ཟེར།

“་་་ ་་་”སྐད་ཆ་འདིས་ང་རང་ཁ་གྲག་རྒྱུ་མེད་པར་གྱུར་པས། སེམས་ནང་ཙག་ཤད་ཅིག་འཁྱུག་པ་དང་འབྲེལ་ངོ་གདོང་ཚ་ལམ་ལམ་ཡང་བྱས་པ་མ་ཟད། ངའོ་སྙམ་པའི་སྤོབས་སེམས་ཀྱི་ཁང་བཟང་དེ་རྨང་ནས་ཉིལ་སོང་། འོན་ཀྱང་། ངས་རྣམ་རིག་བཀོལ་ཏེ་ལན་འདྲ་ཆགས་ཤིག་ཨེ་ཐེབས་ལྟ་སྙམ་བཞིན་པའི་སྐབས། ཕམ་རྒན་གྱིས་“སྤྱིར་བཏང་དྲི་བའི་ལན་ལ། གཞན་གྱིས་རྒྱུ་མཚན་གྱི་ཐོག་ནས་སྐྱོན་བརྗོད་བྱེད་ས་མེད་ན། འགྲིག་པར་བརྩི་དགོས། འོན་ཀྱང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་འབྲེལ་བའི་དྲི་བའི་ལན་ནི། དེ་ཙམ་གྱིས་མི་འགྲིག་པར་དོན་དངོས་ཀྱི་གནས་ཚུལ་དང་འཚམས་པ་དགོས། དཔེར་ན། ད་གིན་ངས་ཁྱེད་ལ་དྲིས་པའི་དྲི་བ་དེར། ཨ་མཆོད་ཚུལ་ཁྲིམས་ཀྱིས་དེ་སྔོན་ནས་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཁུངས་དེ་ལྷོ་ཕྱོགས་རྒྱ་གར་འཕགས་པའི་ཡུལ་ཡིན་པ་ཤེས་ཡོད་ཀྱང་། སྐབས་དེ་དུས་མང་ཚོགས་མང་ཆེ་བའི་བྱེད་སྟངས་དང་བསྟུན་ནས་ཁ་ལྷོ་རུ་གཏད་དེ་ཕྱག་མ་འཚལ་བ་རེད་ཅེས་ལན་བཏབ་ན་འགྲིག ཡིན་ནའང་། དེ་ཨ་མཆོད་ཚུལ་ཁྲིམས་ཀྱི་ལྟ་ཚུལ་ངོ་མ་རེད་དམ། ང་ཚོས་གཞི་འཛིན་ས་ནི། ལན་དེ་དང་གནས་ཚུལ་དངོས་གཉིས་འཚམས་མི་འཚམས་ལ་བལྟ་བ་ལས། གཞན་གྱི་ཁ་འགོག་ཐུབ་ཙམ་བྱུང་བས་མི་འགྲིག”ཅེས་གསུངས། ཁོང་གི་སྐད་ཆའི་ཚིག་འབྲུ་རེ་རེ་ནི། སྦྲང་ཆར་གྱི་ཐིགས་པ་དང་འདྲ་བར་ངའི་ཡིད་ཀྱི་ཞིང་སར་སིམ་ཏེ། ཁེངས་སེམས་དང་ང་རྒྱལ་གྱི་ས་རྒོད་བོངས་པར་མ་ཟད། ཁོང་གི་གསུངས་པར་རྗེས་སུ་ཡི་རང་བ་དང་མཉམ་དུ། དོན་དམ་གྱི་“རྒྱལ་རྒན་”ནི་ཁྱེད་རེད་སྙམ་པའི་འདུ་ཤེས་ཀྱི་མྱུ་གུ་གསར་པ་ཡང་སྐད་ཅིག་ཉིད་དུ་སྐྱེས་བྱུང་།

“ལྷོ་ཕྱོགས་ལ་ག་རེ་ཡོད་དམ།”ངས་ཡིད་ཆེས་དང་རེ་བས་ཁེངས་པའི་དྲི་བའི་མེ་ཏོག་དེ་རྒྱལ་རྒན་གྱི་སྙན་གྱི་དབང་པོར་གསོལ། བཤད་མི་ཤེས་པའི་ཚོར་བ་ཞིག་གིས་བསྐུལ་ནས། བདག་གི་སྙིང་ཁ་ཏིག་ཏིག་དུ་འཕག་གིན་འདུག་ལ། བདག་གི་ཁྲག་རྩ་ལིང་ལིང་དུ་འཕར་གྱིན་འདུག ཧ་ལམ། བདག་ལ་སྲིད་ན་བརྙེད་པར་དཀའ་བའི་ནོར་བུ་ཞིག་འཐོབ་ལ་ཉེ་བའི་ཚོར་སྣང་བྱུང་བ་དང་འདྲ།

“ལྷོ་ཕྱོགས་ན་གང་ཡོད་དམ་ཞེས་པའི་དྲི་བ་འདི་ནི། ཤིན་ཏུ་ཐུང་ལ། དེའི་ལན་ཡང་ཤིན་ཏུ་ཐུང་བ་སྟེ། ལྷོ་ཕྱོགས་ན་བོད་ཀྱི་རྩ་ཆེའི་སྲོག་རྩ་ཡོད་ཅེས་པ་ཙམ་རེད། འོན་ཀྱང་འདིའི་དོན་ཕྱི་གསལ་ནང་གསལ་ཞིག་བཟོ་དགོས་ན། བོད་ཀྱི་དོན་དངོས་གནས་སྟངས་གསལ་པོ་མི་ཤེས་པའི་ཁྱེད་ལྟ་བུར། ཚིག་རེ་ཟུང་གིས་གོ་བ་སྐྱེ་ཐུབ་པ་ཞིག་མ་རེད། ཁྱེད་ཀྱིས་ལྟོས་དང་། རི་མགོའི་དར་ལྕོག་ཡ་གིར་ལྟོས་དང་། དར་ལྕོག་འདིའི་ཁུངས་ནི་ཆེས་གནའ་བོའི་བོད་ཀྱི་ཕ་མེས་ཀྱི་ཆོས་ཏེ། ཧ་ལམ་མི་ལོ་ཁྲི་ཕྲག་གོང་གི་བོན་དང་འབྲེལ་ཞིང་། དེའི་དན་རྟགས་སུའང་། དར་ལྕོག་གི་ཚོས་གཞིས་འབྱུང་བ་རྣམ་ལྔ་མཚོན་པ་དེ་རང་གིས་གསལ་བར་གོ་ནུས། དར་ལྕོག་འདི་གསར་གཏོད་གནང་མཁན་གྱི་མི་རིགས་ནི་ཤེས་རིག་ལྡན་པ་ཞིག་ལས་བླུན་རྨོངས་ཤིག་རྩ་བ་ནས་མ་རེད། ཁོང་ཚོས་དུས་རབས་བདུན་པ་ཙམ་ནས། ཕྱོགས་གཅིག་ནས་དར་ལྕོག་འདི་དང་ཆ་འདྲ་བའི་རུ་དར་སྒྲེང་བཞིན་སུམ་གཉིས་ས་ཡི་དཀྱིལ་འཁོར་ལ་དབང་བསྒྱུར་བྱེད་འགོ་བཙུགས་ཤིང་། ཕྱོགས་གཞན་ནས། རྒྱ་གར་གྱི་ནང་པའི་ཆོས་བོད་དུ་གདན་དྲངས་ནས་དར་ལྕོག་ཐོག་ལ་གཟུངས་སྔགས་སོགས་ནང་དོན་ཁ་ཤས་གསར་སྣོན་བྱས་ཡོད། ཁྱེད་ཀྱིས་མཐོང་ཡོད་ངེས་ལྟར། ད་ལྟའི་དར་ལྕོག་ཐོག་གི་མ་ཎི་ཡིག་དྲུག་དང་། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་གཟུངས་སོགས་ནི་དུས་རིམ་དེའི་ནང་གསར་སྣོན་བྱས་པ་རེད། ཡིན་ནའང་། དུས་མཐར་སླེབས་དུས། བན་དེ་དང་བོན་པོ་གཉིས་ཀྱི་སྲིད་དབང་འཐབ་རྩོད་ཀྱི་མི་མངོན་པའི་དམག་འཁྲུག་དེ། གོ་ཐལ་ཁྲོད་ཀྱི་མེ་ཐལ་ཇི་བཞིན། རྐྱེན་གྱི་རླུང་བུ་དང་འཕྲད་དུས། མི་མངོན་པ་ནས་མངོན་པ་དང་། ཆུང་བ་ནས་ཆེ་བར་གྱུར་ཏེ། མཐར་མེས་པོའི་རྒྱལ་རབས་ཏེ། སུམ་གཉིས་ས་ཡི་དཀྱིལ་འཁོར་ལ་ཁྱབ་བྱེད་ཀྱི་དར་དཀར་ཡུག་ཅིག་དེ་འཚིག་པར་གྱུར། དེ་ནས་བཟུང་། བོད་མི་ཚོས་དམག་འཐབ་ནི་རང་གཞན་གཉིས་ཕུང་གི་ལས་ཤིག་ཏུ་མཐོང་ནས་དམག་སྒར་གྱི་ཚབ་ཏུ་དགོན་པ་བཞེངས་ཤིང་། མཚོན་ཆའི་ཚབ་ཏུ་སྐུ་གསུང་ཐུགས་རྟེན་བཞེངས། དམག་མིའི་ཚབ་ཏུ་གྲྭ་བཙུན་འབོར་ཆེན་གསོས་ཤིང་། དམག་ཁྲིམས་ཀྱི་ཚབ་ཏུ་ཆོས་ཁྲིམས་བསྡམས། དེ་ནས་བཟུང་བོད་ཡུལ་འདི་ཉིད་འཛམ་གླིང་ཡུལ་གྲུ་གཞན་གྱི་ལྡོག་ཕྱོགས་ཏེ། ཚེ་འདིར་རྗེས་ལུས་ཀྱི་གནས་བབས་བཟུང་སྟེ། ཕྱི་མ་དག་ཞིང་དུ་སྔོན་ཐོན་པའི་གོ་འཕང་ཐོབ་པའི་ཚད་མཐོའི་དམིགས་ཚད་ཅིག་བཅངས་ནས་ཤར་སྐྱོད་བྱས། ཁྱོད་ཀྱིས་མེས་པོ་ཚོའི་གནང་སྟངས་འདི་ཡང་དག་པ་ཞིག་ཡིན་པར་བསམས་ནའང་འདྲ། ནོར་འཁྲུལ་ཡིན་པར་བསམས་ནའང་འདྲ། ད་ལྟའི་དུས་འདིར་ངེད་གཉིས་ལོ་རྒྱུས་ཀྱི་ཁྲིམས་དཔོན་བྱས་ནས། འདིས་འགྲིག་འདིས་ནོར་གྱི་ཁྲིམས་ཐག་གཅོད་མཁན་མ་ཡིན་པས། འགྲིག་མ་འགྲིག་གི་གཏམ་དག་རིང་དུ་བསྐྱུར། ཨ་རོགས། ཇ་ཞིག་མི་བླུག་གམ།” རྒྱལ་རྒན་གྱིས་མཚམས་འདིར་སླེབས་དུས་བདག་ལ་ཕྱོགས་ནས་དེ་ལྟར་བཤད། བདག་ནི་ད་ལྟ་ལྷ་པ་ཞིག་ལ་ལྷ་བབས་པའི་མདུན་སར་སྔོན་བྱུང་གི་གནས་ཚུལ་དག་ཉན་བཞིན་པའི་ཉམས་སྣང་འབྱུང་མུར། ཇ་དགོས་པའི་གཏམ་དེ་གོ་བ་དང་རིངས་སྟབས་ཀྱིས་ཇ་ཕོར་པ་གང་བླུགས་ནས་ཁོ་ལ་སྤྲད། ཁོས་ངའི་ཇ་དྭངས་ཕོར་པ་གང་དེ་ཞིམ་མདོག་ངང་བཏུང་རྗེས།

“འོ་ལགས་སོ། །དེ་ནས་བོད་མི་ཚོར་བསམ་རྒྱུ་གཅིག་དང་དྲན་རྒྱུ་གཅིག་རང་ཡོད་པ་དེ། སྐྱབས་གནས་དཀོན་མཆོག་གསུམ་ཟེར་བ་དེ་རེད། དཀོན་མཆོག་གསུམ་གྱི་ངོ་བོ་ཀུན་འདུས་པ་ནི་བླ་མ་རིན་པོ་ཆེ་ཞེས་པ་དེ་ཡིན་ཞིང་། བོད་མི་ཚོས་དེ་ལ་བླ་ན་མེད་པའི་གོང་བཀུར་ཞུ་ལ། རང་གི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལས་རྩ་ཆེ་བར་བརྩི། སྤྱིར་བཏང་བོད་ལ་བླ་མ་མང་པོ་ཡོད་ཀྱང་། དེ་དག་གི་ནང་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ལྷ་མཆོག་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་་་ ་་་”
“ཧྲ་ཐག”གློ་བུར་དུ་ངའི་ཁང་པའི་སྒོ་ཧོབ་སྟེ་ཕྱེ་བ་དང་མཉམ་དུ་ང་ལ་ཧ་ཅང་ཆ་རྒྱུས་ཡོད་པའི་སྤྱི་བདེ་ཅུས་ཀྱི་ཅུང་ཀྲང་ཝང་ཡོན་སུང་གིས་ལག་ཏུ་ཐུང་མདའ་བཟུང་ཞིང་། ཉེན་རྟོག་པ་འགའ་འཁྲིད་ནས་རྫིག་ཉམས་ཆེན་པོས་ཡར་འཛུལ་ཡོང་བས། རྒྱལ་རྒན་གྱི་སྐད་ཆའི་མཚམས་ཆད།
“ཁ་བྲལ་རིང་ལུགས་པའི་རྒྱུག་ཁྱི་ཁྱོད། རྒྱ་གར་ནས་འདིར་ག་རེ་བྱེད་པར་ཡོང་བ་ཡིན། ཁྱོད་ཀྱི་ངན་བྱུས་ང་ཚོས་ཧ་གོ་གི་མ་རེད་བསམ་གྱི་འདུག་གམ། ཁྱོད་ཀྱིས་ལྷ་འདྲེ་གདོན་བགེགས་ལ་དད་པའི་མི་འདི་དང་མཉམ་དུ་བྱ་སྤྱོད་གང་འདྲ་ཞིག་སྤེལ་རྩིས་ཡོད་པ་ང་ཚོས་ལོས་ཤེས། ཧ་ཧ་ཧ། ཁོ་གཉིས་ཟུངས་ལ་སྔོག་བཤེར་བྱོས།” ཁོས་དེ་ལྟར་བཀའ་བཏང་མ་ཐག་ཉེན་རྟོག་པ་དཀྱུས་མ་དེ་ཚོས་ངེད་གཉིས་བསམ་ལོང་བྱེད་ལོང་མེད་པར་བཟུང་ཞིང་ཁྱིམ་ནང་གི་ཁུག་ཁུག་ཀྱོག་ཀྱོག་ཡོད་ཚད་བསྔོགས།

ཟླ་བ་ག་ཚོད་ཕྱིན་པའི་རྗེས་སུ་ཡིན་མིན་མི་ཤེས། བཀག་ཉར་ཁང་ནས་ང་ལ་ཚ་འདྲི་འཇམ་འདྲི་ག་ཚོད་བྱས་ཀྱང་ངས། “རྒྱལ་རྒན་ནི་ངའི་དགེ་རྒན་ཡིན་སྟབས། ང་ལ་ལྟ་ཙམ་བྱེད་པར་ཡོང་བ་ཞིག་ལས། དེ་མིན་གྱི་གནས་ཚུལ་གང་ཡང་མེད་”ཅེས་ལན་གཅིག་རང་ཨུ་ཚུགས་མཐར་སྐྱེལ་གྱིས་བཏབ། ངས་རྒྱལ་རྒན་ངེད་གཉིས་ཀྱིས་ལྷོ་ཕྱོགས་སུ་ག་རེ་ཡོད་མེད་སྐོར་བཤད་པ་དེ་ཚོ་ངོས་ལེན་བྱས་མེད། གང་ཡིན་ཟེར་ན། ཁོང་ཚོ་བརྗོད་གཞི་དེ་ལ་ཚོར་སྣང་སྐྱེན་པར་མ་ཟད་དགའ་པོ་མེད་པ་ཧ་གོ་བས་ཡིན། འོན་ཀྱང་ཁོང་ཚོས་ང་རང་ཐད་ཀར་མི་དམངས་ཁྲིམས་ཁང་དུ་ཁྲིད་ནས་ངས་བྱ་བ་བརྩམ་རྒྱུ་ལྟ་ཅི་མིང་ཙམ་ཡང་ཆ་རྒྱུས་མེད་པའི་ཉེས་པ་སྟེ། རྒྱ་གར་ནས་བཏང་བའི་“ཁ་བྲལ་རིང་ལུགས་པ་” དང་ངན་འབྲེལ་གྱིས་མེས་རྒྱལ་ཁ་བྲལ་གཏོང་བའི་བྱ་ངན་རྩོམ་རྩིས་བྱས་པ་ཞེས་པའི་ཉེས་མིང་འོག་དུས་བཀག་བཙོན་འཇུག་ལོ་གསུམ་དང་། ཆབ་སྲིད་ཀྱི་ཁེ་དབང་ལོ་བཞི་འཕྲོག་པའི་ཐག་གཅོད་བྱས་ཏེ། ང་རང་ངའི་ཕ་ཡུལ་དང་ཐག་ཧ་ཅང་རིང་བའི་བྱང་ཕྱོགས་ཀྱི་ངལ་རྩོལ་སྒྱུར་བཀོད་ར་བར་བརྫངས། ང་བྱང་ཕྱོགས་སུ་བརྫངས་པ་དེས་ལྷོ་ཕྱོགས་དང་ཐག་ཇེ་རིང་དུ་སོང་བའི་སྣང་བ་ཤར་བས། སེམས་ནང་རང་བཞིན་གྱིས་སྐྱོ་སྣང་སྐྱེས་བྱུང་། གལ་ཏེ་བཙོན་ཁང་འདི་ལྷོ་ཕྱོགས་སུ་ཆགས་ཡོད་ན། ངས་དགའ་བཞིན་སྤྲོ་བཞིན་དུ་བསྐྱོད་ངེས། ང་རང་ལྷོ་ཕྱོགས་ལ་ཅི་འདྲའི་དགའ་ཨང་།

“ལྷོ་ཕྱོགས་སུ་ཡང་སྙིང་བོད་ཀྱི་སྲོག་རྩ་སུ་ཡོད་དམ།”རྡོ་གཤག་སའི་རི་ལྡེབས་སུ་ངས་ངལ་གསོ་ཞོར་ཁ་ནས་དབང་མེད་དུ་ཆིག་ལབ་ཀྱི་དྲི་བ་དེ་ཤོར།
“ཁྱོད་ཀྱིས་ག་རེ་ཟེར་གྱི་ཡོད། ”བཙོན་རོགས་རྒད་པོས་ལག་པའི་རྨ་ལ་འཁོར་བའི་རྣག་བཙིར་ཞོར་ང་ལ་དེ་ལྟར་དྲིས། ངས་གང་ཡང་མ་ལབ།
“ཁྱོད་ད་དུང་ང་ལ་ཡིད་མ་ཆེས་པར་ཡོད་དམ། ངས་ལྐོག་ལན་སྐྱེལ་བར་སྐྲག་ན། གང་ཡང་མ་བཤད་ནའང་འགྲིགས།”
“ང་ཞེད་དགོས་དོན་ག་རེ་ཡོད། དྲི་བ་འདིའི་ཆེད་དུ་ངའི་རྨོ་མོ་ལགས་གཏན་མེད་དུ་གྱུར་ཅིང་། ངའི་དགེ་རྒན་བཙོན་དུ་ཚུད་པ་དང་། ད་དུང་ང་རང་སློབ་གྲྭ་དང་ལས་གནས་གཉིས་ཀ་ནས་རིམ་པས་ཕྱིར་འབུད་ཀྱིས་ད་ལྟ་འདིར་སླེབས་པ་རེད། ད་ང་ལ་ག་རེ་འབྱུང་རྒྱུ་ཡོད་དམ། ཧ་མཐོ་ན་ངའི་སྲོག་དམར་པོ་འདི་འཕྲོག་སྲིད། དེར་ང་མི་སྐྲག གང་ལྟར་དྲི་བ་འདིའི་ལན་བརྙེད་པར་བྱ་རྒྱུ་ནི། ངའི་མི་ཚེ་འདིའི་བསྐོས་ཐང་ཡིན་ཞིང་། དྲི་བ་འདིའི་ལན་མ་བརྙེད་ན་ང་རང་གསོན་ཡང་སྙིང་པོ་གང་ཡང་མེད།”
“དེ་འདྲ་ཡིན་ན། ཁྱོད་ཀྱིས་དྲི་བ་དེ་ང་ལ་གསལ་ཀ་གཏོད་ནས་ཤོད་དང་། གཅིག་བྱས་ན་ངས་ཤེས་སྲིད།” རྒད་པོས་རྣག་བཙིར་ཟིན་པའི་རྨ་དེར་རྨ་རས་ཐེབས་ཆག་ཅིག་གཡོགས་ཞོར་དུ་ང་ལ་དེ་ལྟར་བཤད།
“བོད་མི་རྒན་རྒོན་ཚོས་ཉིན་ལྟར་ཕྱག་འཚལ་ཅིང་སྙིང་དབུས་ནས་སྨོན་ལམ་འདེབས་ས་སྟེ། ལྷོ་ཕྱོགས་ན། བོད་མིའི་སྲོག་རྩ་སུ་ཡོད་དམ”
“ཁྱོད་ཀྱིས་དེ་ཡང་ཤེས་ཀྱི་མེད་དམ། དཔེ་རེད། ང་དང་ངའི་ལོ་མཉམ་ཡིན་པའི་བཙོན་གྲོགས་ཚང་མ་དེའི་ཆེད་དུ་བཙོན་ཁང་འདིར་བཅུག་ནས་མི་ལོ་ ༣༠ ལྷག་སོང་བ་རེད། ངའི་བཟའ་ཟླར་མཚོན་ན། བཙོན་ཁང་འདིའི་ནང་སྲོག་རྩ་དེའི་ཆེད་དུ། རང་གི་སྲོག་བློས་བཏང་སོང་། ང་ཚོའི་མི་རབས་རྗེས་མ་ལྟས་ཕྲུག་ཀླད་ཆུང་ཁྱོད་འདྲ་བ། རང་གི་སྲོག་རྩ་གར་ཡོད་མི་ཤེས་མཁན་ཞིག་བྱུང་བ་དེ་དངོས་གནས་ཕ་མེས་ཀྱི་ཞབས་འདྲེན་རེད།”ཅེས་རྒད་པོའི་གདོང་ལ་ཁྲོ་ཉམས་ཤར་བཞིན་ང་ལ་ཚིག་རྩུབ་མོས་བཤད།
“ཁྱེད་ཀྱིས་དྲི་བ་དེའི་ལན་ཏན་ཏན་ཤེས་སམ། ཤེས་ན་ང་ལ་གསུངས་དང་། དྲི་བ་དེའི་ལན་མ་ཤེས་མཁན་བདག་ཙམ་མ་ཟད། གཞན་ཆེས་མང་པོ་ཡོད་ཅིང་། ད་དུང་མང་པོ་ཞིག་གིས་དྲི་བ་འདིར་བསམ་གཞིགས་ཐུབ་རྒྱུ་ལྟ་ཅི། གོ་ཐོས་ཙམ་ཡང་མེད་”
རྒད་པོས་ཡུན་རིང་བསམ་གཞིགས་བྱས་རྗེས། “ང་ཚོ་བཙོན་ཁང་ལ་བསྡད་ནས་ལོ་ངོ་བཅུ་ཕྲག་གསུམ་ལས་མ་སོང་ཡང་། ཕྱི་ལ་དེ་འདྲའི་འགྱུར་བ་བྱུང་བ་ནི་དངོས་གནས་བསམ་ཡུལ་ལས་འདས། ང་ལ་ཡང་ད་ལྟ་ཁྱོད་དང་མཉམ་ངེས་ཀྱི་བུ་ཞིག་ཡོད་མོད། འོན་ཀྱང་སྐྱེས་ཙམ་ཉིད་ནས་དེ་བསྐྱུར་ནས་བཙོན་ཁང་འདིར་ཡོང་དགོས་བྱུང་། ད་བུ་དེ་ཡང་ཅི་འདྲ་ཆགས་ཡོད་དམ།”
“ཁྱེད་ལུང་པ་གང་ནས་ཡིན། མིང་ལ་ཅི་ཟེར། ངའི་རྨོ་མོ་སྒྲོལ་མ་ངོ་ཤེས་སམ།”ངས་ཧ་ཅང་དངངས་སྟབས་དང་བཅས་དྲིས།
“ཁྱོད་་་་”རྒད་པོས་ལག་གཉིས་འདར་འདར་ངང་ངའི་གདོང་ལ་ཅེ་རེར་བལྟ་བཞིན་“ཁྱོད་དངོས་གནས་རྣམ་གླིང་རྨོ་མོ་སྒྲོལ་མའི་ཚ་བོ་མིན་ནམ་”ཟེར།
“ཡིན་”
“ངའི་བུ། ང་ཁྱེད་རང་གི་ཕ་ཡིན།”
“པཱ་ལགས་་་་”
“ངའི་བུ་་་་”ངེད་གཉིས་དགའ་སྐྱོ་ཟུང་གི་ཚོར་བས་བསྐུལ་ཏེ་ཕན་ཚུན་འཐམ་ཅིང་མིག་ཆུ་བཞུར།

“ཡ། བུ། དཀྱིལ་ཀྲུང་དུ་སྡོད་ལ། ལེགས་པར་ཉོན་དང་། ངས་ཁྱོད་ལ་བཤད། ང་ཁྱོད་ཀྱི་ལོ་ཚོད་ཡིན་དུས། དྲི་བ་འདི་ནི་བོད་གངས་ཅན་ལྗོངས་ཀྱི་སྐྱེ་བོ་སུ་ལའང་དྲི་བ་ཞིག་མིན། དེའི་རྒྱུ་མཚན་ནི། གང་ཟག་གང་ཞིག་ལ་གནད་དོན་གང་ཞིག་གི་ཐད།་མ་རྟོགས་པ་དང་ལོག་པར་རྟོག་པ་དང་། ཐེ་ཚོམ་བཅས་མེད་ན། དེ་དང་འབྲེལ་བའི་དྲི་བ་ཡང་མེད་པས་སོ།། ཡ། ད། དཀྱིལ་ཀྲུང་དུ་སྡོད།” ཡུན་རིང་སོང་རྗེས་པ་ཕས་ཧ་ཅང་དོ་ནན་ཆེན་པོས། རི་ལྡེབས་ཀྱི་ས་ལ་མཛུབ་མོ་འཛུགས་བཞིན། ང་ལ་དཀྱིལ་ཀྲུང་དུ་སྡོད་དགོས་པའི་བརྡ་གནང་བ་དང་འབྲེལ། ཁོང་ཡང་རྡོའི་ཐོག་ཏུ་དཀྱིལ་ཀྲུང་བཅས་ནས་བཞུགས་པས། སྣང་ཚུལ་འདི་ནི་སངས་རྒྱས་ཀྱིས་རང་གི་གདུལ་བྱར་ཆོས་སྟོན་སྐབས་དང་མཚུངས་པར་སྣང་། ངས་ཀྱང་ཕའི་བཀའ་བཞིན་ས་ཐོག་ཏུ་དཀྱིལ་ཀྲུང་དུ་བསྡད། ཕས་མིད་པ་བསངས་ཙམ་བྱས་རྗེས། གསུངས་དོན།
“སྔོན་གྱི་ཚེ། སངས་རྒྱས་བཅོམ་ལྡན་འདས། འོད་མའི་ཚལ་དུ་བཞུགས་པའི་ཚེ། ཞལ་འཛུམ་པར་མཛད་པའི་འོད་ཀྱིས། བོད་ཀྱི་ཡུལ་བཀང་བ་ན། བྱང་ཆུབ་སེམས་དཔའ་སྒྲིབ་སེལ་གྱིས། སངས་རྒྱས་ཞལ་འཛུམ་པར་མཛད་པའི་རྒྱུ་དང་། རྐྱེན་གང་ཡིན་པའི་སྐོར་བཀའ་འདྲི་ཞུས་པར། སངས་རྒྱས་ཀྱིས། དུས་གསུམ་སངས་རྒྱས་ཀྱི་གདུལ་བྱར་མ་གྱུར་པའི་མཐའ་འཁོབ་ཁ་བ་ཅན་གྱི་རྒྱལ་ཁམས་དེར། འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་བཀའ་དྲིན་ལས། དམ་པའི་ཆོས་ཉི་མ་ཤར་བ་ལྟར་རྒྱས་པར་གྱུར། དེ་ཡང་སངས་རྒྱས་གཞན་གྱིས་མ་ཐུལ་བར། སྤྱན་རས་གཟིགས་ཁོ་ནས་འདུལ་ཐུབ་པའི་རྒྱུ་མཚན་ནི། སྔོན་གྱི་ཚེ། སངས་རྒྱས་སྟོང་གི་སྤྱན་སྔར་འཕགས་པ་སྤྱན་རས་གཟིགས་ཀྱིས། མཐའ་འཁོབ་འདུལ་དཀའི་སེམས་ཅན་དེ་དག་ཀུན། བདག་གིས་ཐར་པའི་ལམ་དུ་འདུལ་གྱུར་ཅིག །ཅེས་སོགས་དམ་བཅའ་མཛད་པས་རེད་སོགས་བཀའ་སྩལ།
     དེ་ནས་སངས་རྒྱས་ཀྱི་ཐུགས་ཀ་ནས་པདྨ་དཀར་པོ་ལྟ་བུའི་འོད་ཟེར་ཞིག་བྱུང་ནས། འོད་དེ་བདེ་བ་ཅན་གྱི་ཞིང་ལ་སོང་སྟེ། སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པ་དང་། འོད་དཔག་མེད་ཀྱི་ཐུགས་ཀ་ནས་འོད་དེ་སླར་ཡང་བྱུང་སྟེ། བདུད་རྩིའི་མཚོ་པདྨ་ཅན་དུ་ཞུགས་པས། པདྨའི་མཚོ་དེའི་དབུས་ནས་པདྨ་གཞན་ཀུན་ཟིལ་གྱིས་གནོན་པའི་པདྨའི་རྒྱལ་པོ་ཉི་ཟླ་འབུམ་ཕྲག་གི་འོད་ཟེར་ཕྱོགས་གཅིག་ཏུ་བསྡུས་པ་ལྟ་བུའི་གཟི་འོད་འཕྲོ་བ་ཞིག་བྱུང་ནས། ཞལ་ཁ་ཕྱེ་ཞིང་རྒྱས་པའི་ཁོངས་སུ་སྐུ་ལུས་གངས་རིའི་ཕུང་པོ་ལྟར་དཀར་ཞིང་འོད་ཟེར་འཕྲོ་བ། ཞལ་འཛུམ་བག་ཅན། ཞལ་གཅིག་ཕྱག་བཞི་རྒྱན་ཀུན་དང་ལྡན་པ། རྩ་བའི་ཕྱག་གཉིས་ཐུགས་ཀའི་དབུས་སུ་ཐལ་མོ་སྦྱར་ཞིང་། གཡས་ཀྱི་ཕྱག་འོག་མས་ཤེལ་དཀར་གྱི་ཕྲེང་བ་འདྲེན་པ། ཕྱག་གཡོན་གྱི་འོག་མས་པདྨ་དཀར་པོ་འཛིན་ཞིང་། པདྨའི་མེ་ཏོག་སྙན་གྱི་ཐད་དུ་ཞལ་ཁ་བྱེ་བ། ཞབས་གཉིས་རྡོ་རྗེ་དཀྱིལ་ཀྲུང་མཛད་པ། དབུ་ལ་རལ་པའི་ཟུར་ཕུད་ལྔ་དང་ལྡན་པ། ཕྲག་པ་གཡོན་མར་རི་དྭགས་ཨེ་ན་ཡའི་ལྤགས་པས་བཀབ་པ། མཚན་དང་དཔེ་བྱད་མ་ལུས་བཀྲ་བ། སངས་རྒྱས་ཀྱི་འོད་ཟེར་མ་གཏོགས་འོད་ཟེར་མཐའ་དག་ཟིལ་གྱིས་གནོན་པ་ཞིག་བྱུང་བས། དེའི་སྤྱི་བོར་རྒྱལ་བ་འོད་དཔག་མེད་ཀྱི་ཕྱག་གིས་བྱུགས་བྱུགས་མཛད་ནས།
དུས་གསུམ་རྒྱལ་བའི་གདུལ་བྱར་མ་གྱུར་པ།།
མཐའ་འཁོབ་ཁ་བ་ཅན་གྱི་སེམས་ཅན་རྣམས།།
སྨོན་ལམ་མཐུ་ཡིས་ཁྱོད་ཀྱིས་གདུལ་བྱར་འགྱུར།།
ལེགས་སོ་ལེགས་སོ་རིགས་ཀྱི་བུ་ཁྱོད་ལེགས།། ཞེས་སོགས་དང་།
མཐའ་འཁོབ་ཁ་བ་ཅན་གྱི་ཡུལ་ཁམས་དེར།།
ཡི་དམ་ལྷ་ཡི་སྐལ་བ་ཁྱོད་ཡིན་ཏེ།།
ཡི་དམ་ཁྱོད་ལ་བརྟེན་ནས་མ་འོངས་དུས།།
ཡུལ་དེར་སངས་རྒྱས་བྱང་སེམས་དཔག་མེད་འབྱུང་།།
སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་འགྱུར།།
ཆོས་སྐལ་སྙིང་པོ་ཡིག་དྲུག་འདི་ཡིན་ཏེ།།
སྙིང་པོ་འདི་ལ་བརྟེན་ནས་མ་འོངས་དུས།།
ཤཱཀྱའི་རྒྱལ་པོའི་གསུང་རབ་དམ་ཆོས་ཀུན།།
ཡུལ་དེར་དར་རྒྱས་མི་ཀུན་ཆོས་སྤྱོད་འགྱུར།།
ཨོཾ་མ་ཎི་པདྨེ་ཧུཾ། །ཞེས་སོགས་ལུང་བསྟན་དང་ཡིག་དྲུག་གི་ཕན་ཡོན་རྒྱ་ཆེར་གསུངས་པ་དང་། དེའི་ཚེ་སངས་རྒྱས་ཐམས་ཅད་འདུས་ཏེ་དབང་བསྐུར་དང་བསྔགས་བརྗོད་མཛད་པ་མ་ཟད། འགྲོ་བ་ཀུན་འདུལ་བའི་འཕྲིན་ལས་ལ་དབང་བའི་ཕྱིར་དུ་སངས་རྒྱས་འོད་དཔག་མེད་དེ་ཉིད་སྤྱན་རས་གཟིགས་ཀྱི་གཙུག་གི་ཏོག་ལྟར་འབྲལ་མེད་དུ་བཞུགས།
དེར་འཕགས་པ་སྤྱན་རས་གཟིགས་ཀྱིས་སངས་རྒྱས་རྣམས་ཀྱི་དྲུང་དུ་པུས་མོ་བཙུགས་ཤིང་ཕྱག་གཉིས་ཐལ་མོ་སྦྱར་ཏེ། བདག་གིས་སེམས་ཅན་གཅིག་ཀྱང་མ་ལུས་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་གནས་སུ་འགོད་པར་བགྱི། གལ་ཏེ། འགྲོ་བ་སེམས་ཅན་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པའི་གནས་སུ་མ་བཀོད་པའི་གོང་དུ་རང་ཉིད་ཞི་བ་དང་བདེ་བར་གནས་པའི་བསམ་པ་སྐྱེས་པ་ན། ངས་སངས་རྒྱས་ཐམས་ཅད་བསླུས་པ་ཡིན་པས། མགོ་བོ་ཨ་རྫ་ཀ་ཡི་དོག་པ་བཞིན་ཚལ་བ་བཅུར་གས་པ་དང་། ལུས་པོ་པདྨའི་འདབ་མ་ལྟར་རྣམ་པ་སྟོང་དུ་བྱེ་བར་གྱུར་ཅིག་ཅེས་སྙིང་རྗེས་དམ་བཅའ་དང་བདེན་ཚིག་སྨོན་ལམ་མཛད་པ་རེད། དེ་ནས་དམྱལ་བ་སོགས་སེམས་ཅན་སྡུག་བསྔལ་གྱིས་མནར་བའི་གནས་མང་པོར་ཕེབས་ནས་གང་ལ་གང་འདུལ་གྱི་མཛད་པ་བརྗོད་ལས་འདས་པ་བསྐྱངས་པ་དང་། བོད་དུ་བྱོན་པའི་ཚེ། སྟོད་མངའ་རིས་སྐོར་གསུམ་རྫིང་གི་ཚུལ་ལྟ་བུ་དང་། བར་གྱི་དབུས་གཙང་རུ་བཞི་ནི་ཡུར་བ་ལྟ་བུ། སྨད་ཀྱི་མདོ་ཁམས་སྒང་དྲུག་ཞིང་ལྟ་བུར་ཆགས་ཤིང་། དེ་ཀུན་ཆུ་ཡི་རྒྱ་མཚོར་གྱུར་པའི་ནང་དུ་མཐའ་ཡས་པའི་སྲོག་ཆགས་མང་པོ་སྡུག་བསྔལ་ཆེན་པོའི་ངང་གནས་པ་གཟིགས་པས། དེ་དག་ལ་ཡིག་དྲུག་གི་ཆོས་བསྟན་ནས་མ་འོངས་གདུལ་བྱར་འགྱུར་བར་བྱིན་གྱིས་བརླབས། དེ་ནས་ད་ལྟའི་ཕོ་བྲང་པོ་ཏ་ལ་ཆགས་ཡུལ་བོད་ཀྱི་ཡུལ་དབུས་དམར་པོ་རིའི་རྩེ་མོར་ཕེབས་ནས་གཟིགས་པས། ཡུལ་གྱི་མཐིལ་ཀུན་ཆུས་གང་བའི་ནང་སྡུག་བསྔལ་གྱིས་མནར་བའི་སྲོག་ཆགས་མང་པོ་གནས་པ་དང་། ས་བབས་མཐོ་སའི་ལོགས་སུ་མུན་པ་འཐིབས་འདྲའི་ནགས་ཚལ་སྟུག་པོས་ཡོངས་སུ་གང་བའི་ནང་ཁྲོ་ཞིང་གཏུམ་པའི་གཅན་གཟན་སྣ་ཚོགས་ཕན་ཚུན་གསོད་རེས་བྱེད་པ་དང་། ལྷག་པར་ལྷ་སའི་འོ་ཐང་གི་མཚོ་ནི་དམྱལ་བའི་སྒོ་ཡིན་པ་དང་། དེའི་ནང་སེམས་ཅན་གྲངས་མེད་སྡུག་བསྔལ་དྲག་པོས་མནར་བ་གཟིགས་པས། སྙིང་རྗེ་ཤུགས་དྲག་སྐྱེས་པའི་ཤུགས་ལས་སྤྱན་གཡས་གཡོན་གཉིས་ལས། སྤྱན་ཆབ་ཀྱི་ཐིགས་པ་རེ་རེ་ལྷུང་བ་དེ། ཇོ་མོ་ཁྲོ་གཉེར་ཅན་དང་རྗེ་བཙུན་སྒྲོལ་མར་གྱུར་ནས། བུ་ཁྱོད་མཐའ་འཁོབ་འགྲོ་རྣམས་འདུལ་བ་ལ། སྒྱིད་ལུག་སྡུག་བསྔལ་ལྡན་པར་མ་བྱེད་ཅིག །ཁོ་མོ་གཉིས་ཀྱིས་འགྲོ་དོན་གྲོགས་བྱེད།། ཅེས་གསུངས་ཏེ། སྤྱན་གཉིས་ལ་སླར་ཡང་ཐིམ། དེ་ནས་དམྱལ་མཚོའི་དབུས་སུ་ཕེབས་ནས་ཡིག་དྲུག་གི་ཆོས་བཤད་དང་། ཐུགས་སྨོན་གནང་བའི་མཐུ་ལས། དམྱལ་བའི་སེམས་ཅན་དེ་རྣམས་ཀྱི་སྡུག་བསྔལ་ཞི་ཞིང་། ཐར་པའི་ལམ་དུ་འཁོད་པ་མ་ཟད། འཁོལ་བཞིན་པའི་མཚོ་ཚ་པོ་དེ་ཡང་ཞི་ནས་བསིལ་བར་གྱུར། དེ་ཙམ་མ་ཟད་ཀོང་ཡུལ་མཐིལ་གྱི་ཆུ་བརླག་ཅེས་བྱ་བའི་ཟོམ་ཁ་ཕྱེ་བས་བོད་ཡུལ་རུ་བཞི་ཆུ་ཡིས་གང་བ་ཐམས་ཅད་དེར་ཐིམ་ཞིང་། ཆུ་གཞན་དག་ཀྱང་དེ་བཞིན་ཐིམ་པས། བོད་ཡུལ་གྱི་བཀོད་པ་གསལ་བར་དོད་པ་སྟེ། སྟོད་ཀྱི་མངའ་རིས་སྐོར་གསུམ་ཤ་རྐྱང་རི་དྭགས་གླིང་དང་། བར་གྱི་དབུས་གཙང་རུ་བཞི་སྟག་གཟིག་གཅན་གཟན་གླིང་། སྨད་ཀྱི་མདོ་ཁམས་སྒང་དྲུག་འདབ་ཆགས་བྱ་ཡི་གླིང་དུ་གྱུར། འཕགས་པ་སྤྱན་རས་གཟིགས་ཀྱིས་དེ་དག་ཀུན་ལ་ཐབས་ཚུལ་དུ་མའི་སྒོ་ནས་ཆོས་བསྟན་ཏེ་སེམས་ཅན་དཔག་ཏུ་མེད་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་གནས་སུ་བཀོད། དེ་ལྟར་དུས་ཡུན་རིང་པོའི་བར་དུ་ཐབས་ཤེས་དུ་མའི་སྒོ་ནས་སེམས་ཅན་རྣམས་སྨིན་གྲོལ་གྱི་གནས་སུ་འགོད་སྐབས། ངལ་དུབ་ཆེན་པོ་བྱུང་བ་དེ་སེལ་ཕྱིར། འཛམ་གླིང་གི་ལྷོ་ཡི་ཕྱོགས་གྲུ་འཛིན་རི་བོར་ཕེབས་ནས་སེམས་ཉིད་ངལ་གསོའི་ཏིང་འཛིན་ལ་རོལ།
        དེ་ནས་ཏིང་འཛིན་ལས་བཞེངས་ཏེ་སེམས་ཅན་ཡོངས་དང་ལྷག་པར་ཁ་བ་ཅན་གྱི་སེམས་ལ་གཟིགས་པས། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆ་ཤས་ཙམ་ཡང་ཐར་པ་དང་ཐམས་ཅད་མཁྱེན་པའི་གནས་སུ་འགོད་ཐུབ་མེད་པ་མ་ཟད། སེམས་ཅན་རྣམས་ཀྱི་སེམས་རྒྱུད་ནི་ཤིན་ཏུ་ནས་འདུལ་དཀའ་བ། སྙིགས་མ་ལས་ཀྱང་ཆེས་སྙིགས་མར་གྱུར་པ་གཟིགས་པས། རང་ཉིད་ཞི་བ་དང་བདེ་བར་གནས་སྡོད་ཀྱི་བསམ་པ་སྐད་ཅིག་ཙམ་སྐྱེས་པའི་མོད་ལ། སྔོན་སྤྱན་རས་གཟིགས་རང་ཉིད་ཀྱིས་དམ་བཅའ་དང་དམོད་པ་བོར་བའི་དབང་གིས། དེ་མ་ཐག་དབུ་ཚལ་པ་བཅུ་རུ་གས་ཤིང་གྱེས་པ་དང་། སྐུ་ལུས་དུམ་བུ་སྟོང་དུ་བྱེ་བ་རེད། དེར་སངས་རྒྱས་འོད་དཔག་མེད་སྐད་ཅིག་དེ་ཉིད་དུ་ཕེབས་ནས་དབུ་དང་སྐུ་ལུས་ཞིག་ཅིང་བྱེ་བ་རྣམས་ཕྱག་གིས་ཆུན་པོར་བཅིངས་ནས། རིགས་ཀྱི་བུ། ཁྱོད་སྡུག་བསྔལ་མ་བྱེད་ཅིག །ཁྱོད་ཀྱི་དབུ་ཚལ་བ་བཅུར་གས་པ་འདི་ནི། ཞལ་རས་བཅུ་གཅིག་ཏུ་བྱིན་གྱིས་བརླབ་པར་བྱ། སྐུ་ལུས་རྣམ་པ་སྟོང་དུ་བྱེ་བ་འདི་ནི། ཕྱག་སྟོང་སྤྱན་སྟོང་ལྡན་པར་བྱིན་གྱིས་བརླབ། སླར་ཡང་འགྲོ་དོན་ལ་སྙིང་སྟོབས་བསྐྱེད་ཅིག་ཅེས་གསུངས། དེ་བཞིན་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པའང་དེར་ཕེབས་ནས།
ཞལ་རས་བཅུ་པོ་ཕ་རོལ་ཕྱིན་པ་བཅུ།།
བཅུ་གཅིག་དབུ་ལ་འོད་དཔག་མེད་པ་བཞུགས།།
ཞི་རྒྱས་དབང་དྲག་ལས་རྣམ་ཀུན་མཛད་པ།།
བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།།

ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང་།།
སྤྱན་སྟོང་སྐལ་བ་བཟང་པོའི་སངས་རྒྱས་སྟོང་།།
གང་ལ་གང་འདུལ་དེ་ལ་དེ་སྟོན་པའི།།
བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པ་དང་ཤིས་བརྗོད་མཛད།”
       བཤད་མཚམས་འདིར་སླེབས་པ་དང་ཕས་ལག་གཉིས་ཐལ་མོ་སྦྱར་ཞིང་མིག་གཉིས་ལས་མཆི་མ་འདོན་བཞིན་གསལ་ལ་མི་གསལ་བའི་སྨོན་ལམ་འགའ་བཏབ།
     “ཁྱེད་ཀྱིས་གསུངས་པ་རྣམས། ལྷ་སྒྲུང་ལྟ་བུ་ཞིག་ལས་དོན་དངོས་ཡིན་པའི་རྒྱུ་མཚན་གང་ཡང་མི་འདུག ལྷ་སྒྲུང་འདི་དང་ལྷོ་ཕྱོགས་སུ་བོད་མིའི་སྲོག་རྩ་ཡོད་ཅེས་པའི་བར་འབྲེལ་བ་གང་ཡོད་དམ”ཞེས་ངས་དངོས་གཙོ་སྨྲ་བའི་ལྟ་ཚུལ་བཟུང་ནས་ཁོང་ལ་སྐད་ཆ་དྲིས།
   ཕས་མིག་གི་མཆི་མ་འཕྱིད་བཞིན་ཡུད་ཙམ་བཞུགས་རྗེས། “ཀྱེ་མ། དུས་ནི་མ་འགྱུར་མི་རྣམས་འགྱུར་བས་ལན། ཞེས་གསུངས་པ་ཅིས་མི་བདེན། སྔོན་མ་ཆོས་ལྡན་ཞིང་གི་མི་སུ་ཡིན་རུང་། འདི་འདྲ་ཞིག་བཤད་པ་ཙམ་གྱིས། དད་པའི་སྤུ་ལོང་གཡོས་ཏེ། མིག་ནས་མཆི་མ་འབྱུང་བར་ངེས། བུ། འགྲོ་བ་མི་ནི་བདེན་པ་དང་། བདེན་པས་བྱིན་པའི་བདེ་བ་ཉིད་ཀྱི་ཆེད་དུ་འཚོ་བས། བདེན་པ་ཉིད་ལ་སེམས་ཕྱོགས་པར་མཛོད། བདེན་པ་དང་བྲལ་ན་གང་ཡང་མེད་དེ། བདེན་པ་ནི་རྒྱུ་མཚན་གྱིས་སྒྲུབ་དགོས་ཀྱང་། བདེན་པ་ཡོད་ཚད་རྒྱུ་མཚན་གྱིས་སྒྲུབ་ནུས་པ་ཞིག་མིན་པར། སྐྱེས་བུ་ཚད་མའི་ལུང་དང་། རྗེས་དཔག་གིས་འཇལ་དགོས། ངས་འདི་ལྟར་བཤད་པ་དེ་ཁྱེད་ཀྱི་སེམས་ལ་འཐད་པ་མི་སྲིད་ནའང་། བུ། བདེན་པ་ནི་སྐབས་འགར། གནའ་སྔ་མོར་རྒྱལ་པོ་ཞིག་ཡོད། རྒྱལ་པོ་དེ་ལ་རྒྱལ་སྲས་འདི་དང་འདི་ཞེས་བྱ་བ་ཡོད་ཅེས་སོགས་ཀྱིས་གཞུང་བསྲིངས་བའི་གཏམ་བརྒྱུད་དང་ལྷ་སྒྲུང་གི་ནང་དུའང་ཐིམ་ཡོད། འོན་ཀྱང་བུ་ཁྱེད་དང་ཁྱེད་འདྲ་བའི་མི་ཚོས། གནའ་སྔ་མོ་ཞེས་པ་སྤྱི་ལོའི་གོང་ངམ་རྗེས་ཀྱི་ལོ་དུས་གང་གི་སྐབས་ཡིན། རྒྱལ་པོ་ཞིག་ཡོད་ཅེས་པ། རྒྱལ་པོའི་མིང་ལ་ཅི། ས་གནས་གང་ལ་ཚུལ་ཇི་ལྟར་བྱུང་བ་རེད་ལྟ་བུའི་ཀླན་ཀའི་དྲི་བ་འདྲི་ཞིང་། དེ་ལ་སྒྲུང་པ་རྣམ་རིག་ཅན་ཚོས་ཀྱང་། སྤྱི་ལོའི་གོང་གི་ལོ་སུམ་སྟོང་ཉིས་བརྒྱའི་གོང་ཏག་ཏག་ལ། ཡུལ་མིང་འདི་ཞེས་པར། རྒྱལ་པོ་མིང་འདི་ཞེས་བྱ་བ་བྱུང་ཞེས་སྨྲ་ཞིང་། འདི་འདྲའི་ཀླན་ཀ་འབྱུང་ས་མེད་པའི་བཤད་སྟངས་དག ཁྱེད་ཚོས་བདེན་དོན་དུ་སེམས་མོད། དོན་དུ་ནི་ལྤག་ཁ་ལ་བཟའ་བར། ལམ་ལྟག་ཁུང་ནས་བསྐོར་བ་ལྟ་བུའི་དོན་མེད་ཀྱི་སྐོར་བ་ཆེན་པོ་བརྒྱབས་པ་ལས། བཤད་རྒྱུ་ངོ་མ་ནི། གནའ་སྔ་མོ་རྒྱལ་པོ་ཞིག་ཡོད་ཅེས་པ་ཙམ་ལས་མེད་ཅིང་། བཤད་སྟངས་འདིས་ང་དང་ང་འདྲ་བ་དག་གི་སེམས་འགུལ་ཞིང་། མི་ཚེ་བདེན་དོན་གྱི་ཆེད་དུ་འཚོ་ཐུབ་པ་བྱུང་། བཙོན་དུ་སྡུག་བསྔལ་མྱངས་ཀྱང་། བདེན་པའི་ཞལ་རས་མཇལ་བའི་དགའ་བས་མི་ཚེ་དོན་དང་ལྡན་པ་བྱུང་། བུ། ངས་བཤད་འདོད་པ་ནི། བདེན་པ་ལ། སྤྱིར་བཏང་རང་རེའི་རིག་པས་དཔྱོད་ནུས་པའི་བདེན་པ་ཞིག་དང་། དེ་དང་ཐག་རིང་བའི་བདེན་པ་ཞིག་སྟེ། ཚོར་བས་མྱོང་ཐུབ་ཀྱང་། ལྐུག་པས་བུ་རམ་ཟོས་པ་བཞིན་སྨྲ་མི་ཐུབ་པའི་བདེན་པ་ཡང་ཡོད། དེ་བས་ངས་ཁྱེད་ལ་བཤད་དང་ཤོད་བཞིན་པའི་གཏམ་བརྒྱུད་འདིའི་མཐིལ་ངོ་མ་དེ་ཁྱེད་ཀྱིས་མཐོང་བར། ཁྱེད་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་རིག་གོ་རྟོགས་ཀྱི་མིག་ཟུང་ཡོད་དགོས་པ་ལས། དེ་མིན་ཁྱེད་ཀྱིས་མཐོང་མི་སྲིད། ཡ་ད་ངས་དགོས་མེད་ཀྱི་ཚིག་མང་པོ་བཤད་སོང་། ད་མུ་མཐུད་དེ་བརྗོད་པར་བྱ། 
བོད་ཀྱི་ས་རྣམས་མིའི་འགྲོ་བ་འཚོ་གནས་བྱ་ཡུལ་དུ་རུང་བར་གྱུར་པ་ན། འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ། སྤྲེའུ་བྱང་ཆུབ་སེམས་དཔའ་དང་། རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ། བྲག་སྲིན་མོ་གཉིས་ཀྱི་ཐབས་ཤེས་ཟུང་འབྲེལ་གྱི་ངང་ནས་བོད་མིའི་རིགས་རྒྱུད་ཐོག་མར་སྤེལ་ཞིང་། དེ་ནས་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་བོད་ཁམས་ཡོངས་རྫོགས་གཅིག་བསྒྲིལ་མཛད་དེ། ཆོས་སྲིད་གཉིས་ལྡན་གྱི་རྒྱལ་ཁབ་མངའ་ཐང་སྟོབས་འབྱོར་མཚུངས་ཟླ་མེད་པར་མཛད། ལུགས་གཉིས་ཁྲིམས་ཀྱི་འཇམ་དར་ཡུག་ཅིག་གིས་བོད་འབངས་རྣམས་སྐྱོང་བར་མཛད། བོད་སིལ་བུར་འཐོར་རྗེས་སུའང་། སྤྱན་རས་གཟིགས་ཀྱི་་་་་”

“ཀ་ཡེ། ལོག་སྤྱོད་པ་ཁྱོད་གཉིས་ཀྱིས་འདིར་ག་རེ་བྱེད་ཀྱིན་ཡོད། ག་རེའི་སྤྱན་རས་གཟིགས། དུག་རྩྭ་བཀྲམ་གྱི་ཡོད་དམ། ཁོ་གཉིས་ཟུངས་ལ་དང་པོར་བཀྱིགས་ཤིག”བཙོན་སྲུང་དཔོན་གློ་བུར་དུ་ཤོར་ཡོང་ནས་སྲུང་དམག་ཚོར་བཀའ་བཏང་བས། ངའི་ཕའི་བཤད་མཚམས་ཆད་ཅིང་། དམག་མི་ཚོ་ལམ་སང་རྒྱུགས་ཡོང་ནས་ངེད་གཉིས་སོ་སོར་བཀར་བཀྱིགས་བྱས་མོད། ངའི་པ་ཕས་སྨྱོ་བ་ལྟར། བཙོན་སྲུང་བའི་ལག་ནས་ཤོར་ཏེ། “བོད་རང་བཙན་ཡིན། ༸རྒྱལ་བ་ཡིད་བཞིན་ནོར་བུ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག”ཅེས་སྐད་འབོད་བྱས། བཙོན་པ་གཞན་ཁ་ཤས་ཀྱིས་ཀྱང་པ་ཕ་དང་མཉམ་དུ་སྐད་འབོད་བྱས། ངས་ནི་“རང་བཙན་”དང་“༸རྒྱལ་བ་ཡིད་བཞིན་ནོར་བུ་”ཞེས་པའི་ཚིག་དོན་མི་ཤེས་པས། པ་ཕའི་བྱེད་སྟངས་ལ་ཧོན་འཐོར་ནས་བལྟས་ཏེ་བསྡད།
“དྷི་ཁྱིའུ། དྷི་ཁྱིའུ་”གློ་བུར་དུ་མེ་མདའ་བརྒྱབས་སོང་། གློ་བུར་དུ་ས་ལ་འགྱེལ་སོང་། བཙོན་པ་མང་པོ་ས་ལ་འགྱེལ་སོང་། དེའི་ཁྲོད་དུ་ངའི་པ་ཕ་ཡང་ས་ལ་གྱེལ་སོང་། ཁོང་ཚོ་ས་ལ་གྱེལ་ཏེ། ལུས་ཟུངས་ཡོངས་སུ་ཟད་མོད། ད་དུང་ཨུ་ཚུགས་ངང་། མིག་ཟུང་ལྷོ་རུ་ཕྱོགས་ཏེ། ལག་གཉིས་ཐལ་མོ་སྦྱར་ནས་གཤེགས་སོང་། གཟི་བརྗིད་ངང་ནས་གཤེགས་སོང་། ཁོང་ཚོ་རེ་རེ་བཞིན་གཤེགས་ཁར་ཡང་། ལུས་སེམས་ལྷོ་རུ་ཕྱོགས་པའི་ངང་ཚུལ་དེས། ང་ལ་“ལྷོ་ཕྱོགས་སུ་བོད་མིའི་སྲོག་རྩ་སུ་ཡོད་དམ་”ཞེས་པའི་དྲི་བ་དེའི་ལན་ཤེས་འདོད་དང་། བློ་སྟོབས་བརྒྱ་འགྱུར་གྱིས་འཕེལ་བར་བྱས།

ཡང་བསྐྱར་དུས་ཚོད་ག་ཚོད་ཕྱིན་མིན་མི་ཤེས། གང་ལྟར་ཡུན་རིང་ཞིག་སོང་རྗེས། གདུག་རྩུབ་སྣ་དགུ་མྱངས་ཏེ་ཡུན་རིང་སོང་རྗེས། ང་རང་བཙོན་གྲོལ་ཐོབ་བྱུང་། བཙོན་ཁང་གི་རྒྱལ་སྒོ་ནས་ཕྱིར་ཐོན་ཏེ། ངས་ཚམ་ཚོམ་མེད་པར། གོམ་སྟབས་ལྷོ་ཕྱོགས་སུ་བསྒྱུར།
“ལྷོ་ཕྱོགས་སུ་བོད་མིའི་སྲོག་རྩ་སུ་ཡོད་དམ།” གོམ་པ་རེ་རེ་དང་མཉམ་དུ། ངས་དྲི་བ་འདི་ཐེངས་རེ་འདྲི་བཞིན་བསྐྱོད། དྲི་བ་འདིའི་ལན་འཚོལ་རྒྱུ་ནི་ངའི་ཚེ་འདིའི་བསྐོས་ཐང་ཡིན་ཞིང་། སུས་ཀྱང་ང་རང་འགོག་ཐུབ་མི་སྲིད།

“ལྷོ་ཕྱོགས་སུ་བོད་མིའི་སྲོག་རྩ་སུ་ཡོད་དམ།”
“སུ་ཡོད་དམ༌༌༌༌”

No comments:

Post a Comment