2015-09-15

སྤྱི་འཐུས་དང་བླངས་པ་ཚོའི་འགུལ་ཤུགས།

ད་ལོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་། སྤྱི་འཐུས་ཀྱི་འོས་མིར་ལངས་མཁན་སྔོན་དང་མ་འདྲ་བར་མང་པོ་འབྱུང་བཞིན་ཡོད་པ་རེད། གནས་ཚུལ་དེ་ལ་“བཟང་ཕྱོགས་ཀྱི་འགྱུར་བ་”རེད་ཅེས་པའི་འགྲེལ་བཤད་ཙམ་གྱིས་འགྲིག་པ་ཞིག་རེད་དམ། ཡང་ན་ད་དུང་དེ་ལས་གཞན་པའི་རྒྱབ་ལྗོངས་ཀྱི་གནས་ཚུལ་ལ་བལྟ་རྒྱུ་ཡོད་དམ། ཡོད་ན་དེ་ལ་བལྟ་བ་ནི་དོན་སྙིང་ཡོད་པ་ཞིག་ཡིན་ནམ། དྲི་བ་འདི་ཚོ་ནི་སྤྱི་ཚོགས་འཕེལ་འགྱུར་ལ་དོ་སྣང་ཡོད་པ་ཚོས་བསམ་དགོས་པ་ཞིག་རེད།

སྔོན་ཆད་ང་ཤེས་རིག་ལས་ཁུངས་སུ་ཡོད་སྐབས། སྒང་ཏོག་ཁུལ་དུ་ལོ་མང་རིང་། ས་གནས་ཀྱི་སློབ་གྲྭའི་དགེ་ཆེ་དང་། ས་གནས་དེ་གའི་མི་མང་དབར་ལབ་རྙོག་མང་པོ་ཞིག་བྱུང་བས། ཐེངས་ཤིག་ངས་སྒང་ཏོག་ཁུལ་དུ་དམིགས་བསལ་གྱིས་ལབ་གླེང་མང་པོ་ཡོང་དོན་ཅི་རེད་ཅེས་དྲིས་པ་ཡིན། དེ་ལ་ཉམས་ཞིབ་པ་ཞིག་གིས། སྒང་ཏོག་ས་གནས་ཀྱི་མང་ཚོགས་ཚོའི་འཚོ་གོས་གནས་སྟངས་དེ། བཙན་བྱོལ་བོད་མི་གནས་ཡུལ་གཞན་ལས་ལེགས་པ་ཡོད་པས་རེད་ཅེས་བཤད་བྱུང་། སྐབས་དེར་ངས་སྐད་ཆ་དེའི་གོ་དོན་ཡག་པོ་ཞིག་མ་རྟོགས།



ཨ་རིའི་སེམས་ཁམས་རིག་པ་བ་གྲགས་ཅན་ཨབ་ར་ཧམ་ མ་ས་ལོའོ་(Abraham Harold Maslow)ཡིས་སྤེལ་བའི་རྩོམ་ཡིག་“མིའི་ཀུན་སློང་གི་རྣམ་གཞག”(A Theory of Human Motivation)ཅེས་པའི་ནང་། འགྲོ་བ་མིའི་ཀུན་སློང་ངམ་མངོན་འདོད་རྣམས་ ༡) བཟའ་བཏུང་དང་གནས་མལ་སོགས་གཞི་རྩའི་ལུས་ཀྱི་དགོས་མཁོ་དང་། ༢) ལུས་སྲོག་ལོངས་སྤྱོད་ལ་འཚེ་བ་དང་བྲལ་བའི་བདེ་འཇགས་ཀྱི་དགོས་མཁོ། ༣) ཁྱིམ་ཐབས་དང་། ནང་མི་དང་། གྲོགས་པོ། སྤྱི་ཚོགས་སོགས་ལ་ཞེན་ཆགས་དང་བདག་ཐོབ་ཀྱི་དགོས་མཁོ། ༤) ཁྱིམ་ཚང་དང་སྤྱི་ཚོགས་ནང་རང་གི་སྤྱོད་ཚུལ་དང་བྱས་འབྲས་ལ་གཞན་གྱིས་བརྩི་མཐོང་དང་རང་ངོས་ནས་གདེང་སྤོབས་བྱེད་པའི་བརྩི་མཐོང་གི་དགོས་མཁོ། ༥) རང་གི་ནུས་པའི་རྩལ་ཡོངས་སུ་ཚང་བའམ་རྫོགས་པར་བྱེད་པའི་རྩལ་རྫོགས་ཀྱི་དགོས་མཁོ་བཅས་རྣམ་པ་ལྔར་ཕྱེ་ནས་གསུངས། དེ་ཡང་དགོས་མཁོ་དང་པོ་གཉིས་ནི་གཞི་རིམ་གྱི་དགོས་མཁོ་ཡིན་པ་དང་། གཞི་རིམ་གྱི་དགོས་མཁོ་དེ་དག་མ་ཚང་ན་སྤྱིར་བཏང་གི་མིས་དགོས་མཁོ་གཞན་རྣམས་བསྒྲུབ་དཀའ་བར་བཞེད་ལ། དགོས་མཁོ་ཐ་མ་རང་རྩལ་རྫོགས་པའི་དགོས་མཁོ་ནི་བདག་ཉིད་ཆེན་པོ་གྷན་དྷི་ལྟ་བུའི་སྐྱེ་བོ་ཁྱད་པར་བས་མ་གཏོགས། ཕལ་མོ་ཆེས་མི་འཇོན་པར་བཞེད། དགོས་མཁོ་དེ་དག་ཀྱང་ཕན་ཚུན་ལྟོས་ཅིང་འབྲེལ་ལ་སྐྱེ་བོ་ནད་མེད་སྐྱོན་མེད་སྤྱིའི་དབང་དུ་བྱས་ནས་གསུངས་པ་ལས། ཕན་ཚུན་ལྟོས་མེད་དང་གང་ཟག་བྱེ་བྲག་པར་སྦྱར་བ་མིན།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་། དེང་སང་སྤྱི་འཐུས་འོས་མིར་འཚང་ཁ་ཤིག་ཤིག་ངང་ལངས་ཡོང་བ་དག་གི་ད་ལྟའི་གནས་བབས་ལ་དཔྱད་ཚེ། གཙོ་བོ་གཉིས་སུ་འདུ་བར་སྣང་སྟེ། དང་པོ་ནི་རྒྱུ་ནོར་དང་། ལས་དོན་གྱི་ཆ་ནས་འགྲིག་ངེས་ཡོད་པའི་རིགས་གཅིག་དང་། གཉིས་པ་ནི་ཤེས་ཡོན་དང་ལས་དོན་གྲུབ་འབྲས་ངེས་ཅན་ཡོད་པའི་རིགས་བཅས་གཉིས་རེད། མ་ས་ལོའོ་ཡི་རྣམ་གཞག་ལྟར་ན། རང་རེའི་སྤྱི་འཐུས་འོས་མིར་ལངས་མཁན་འདི་ཚོར་གཞི་རིམ་གྱི་དགོས་མཁོ་ཟས་གོས་གནས་མལ་ལ་དཀའ་ངལ་མེད་པ་མ་ཟད། ལུས་སྲོག་ལོངས་སྤྱོད་ཀྱི་བདེ་སྲུང་ཡང་ཚད་ངེས་ཅན་ལ་སླེབས་ཡོད་པས། ད་ཆ་ཁོང་ཚོས་ཐོབ་འདོད་བྱེད་པ་དེ། གཞན་གྱི་བརྩི་མཐོང་རེད།

གོང་དུ་ ༡༩༩༠ གོ་གྲངས་ནང་གི་སྒང་ཏོག་ས་ཁུལ་གྱི་གནས་ཚུལ་དྲངས་པ་ལྟར། སྐབས་དེར་ས་གནས་ཀྱི་མི་འགའ་ཞིག་ལ་དཔལ་འབྱོར་དང་ཁྱིམ་ཚང་འགྲིག་ངེས་ཡོད་པ་མ་ཟད། འགའ་ཞིག་ལ་ལས་གནས་ཀྱང་བརྟན་པོ་ཡོད། འོན་ཀྱང་ཁོང་ཚོས་རང་ཉིད་ལ་ཆེ་མཐོང་དང་མིང་གྲགས་ཚང་མེད་པའི་ཚོར་སྣང་བྱུང་སྟེ། ས་གནས་འགོ་འཛིན་དང་སློབ་གྲྭའི་ལས་དོན་ལ་དོ་སྣང་དང་ཐེ་བྱུས་བྱེད་འགོ་བཙུགས། དེ་ལས་ལྡོག་སྟེ་མེའོ་ཆོས་འཕེལ་གླིང་དང་ཏེ་ཛུ་དར་རྒྱས་གླིང་། ཨོ་རི་ས་ཕུན་ཚོགས་གླིང་སོགས་དཔལ་འབྱོར་གནས་སྟངས་ཞན་པའི་བོད་མིའི་སྤྱི་ཚོགས་ཀྱི་མི་མང་ནང་། ས་གནས་འགོ་འཛིན་དང་སློབ་གྲྭའི་ལས་དོན་ལ་དོ་སྣང་བྱེད་མཁན་ཧ་ཅང་ཉུང་།

སྤྱི་འཐུས་ཀྱི་འོས་མིར་ལངས་མཁན་འགའ་ཞིག་དང་གླེང་མོལ་བྱེད་སྐབས། མང་ཆེ་བས་“ད་ཁ་མར་སློག་ནས་སྐད་ཆ་བཤད་མཁན་ཞིག་བྱེད་འདོད་ཡོད”ཟེར་བས། ཁོང་ཚོས་ད་བར་“ཁ་ཡར་བསྐོར་ཏེ་གཞན་གྱི་སྐད་ཆར་ཉན་མཁན་”ཞིག་བྱས་པའི་མཐར། “ཁ་མར་བསྐོར་ནས་སྐད་ཆ་བཤད་མཁན་”རྣམས་རྫིག་པོ་དང་ཆེ་མཐོང་ཅན་དུ་མཐོང་གི་ཡོད་པ་རེད།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རང་ཉིད་ལ་ཆེ་མཐོང་དང་མིང་གྲགས་ཐོབ་ཐབས་ཀྱི་ལམ་ཁ་མང་པོ་མེད། དཔེར་ན་སྲིད་སྐྱོང་ནི་ལོ་ལྔ་རེའི་མཚམས་སུ་མི་གཅིག་ལ་མ་གཏོགས་གོ་སྐབས་མེད་པ་དང་། ལས་ཁུངས་ཁག་གི་དྲུང་ཆེ་དང་འགན་འཛིན་བྱེད་པར་ཉུང་མཐར་ལོ་ངོ་བཅོ་ལྔ་ཉི་ཤུའི་རིང་གཞུང་ཞབས་བྱ་དགོས། དེ་ཚོ་དང་བསྡུར་ཚེ། སྤྱི་འཐུས་ནི་གྲངས་འབོར་དང་དུས་ཡུན་གཉིས་ཀའི་ཆ་ནས་གོ་སྐབས་མང་བ་ཞིག་རེད་ལ། སྤྱི་འཐུས་སུ་འཁོད་རྗེས་དམིགས་བསལ་གྱི་ལས་འགན་ལྗིད་པོ་རྒྱུན་མཐུད་དུ་འཁྱེར་དགོས་པ་མེད་ལ། རང་ཉིད་འོས་འདེམས་བྱེད་མཁན་ལ་ལས་དོན་ཇི་བྱས་ཀྱི་ལས་དོན་སྙན་སྒྲོན་ཡང་ཞུ་དགོས་ཀྱི་མེད།

ད་ལྟ་མི་མང་པོ་ཞིག་གིས་འཚང་ཁ་ཤིག་ཤིག་ངང་སྤྱི་འཐུས་ཀྱི་འོས་མིར་ལངས་ཡོང་བ་འདི། ཕྱོགས་གཅིག་ནས་འོས་འཕེན་མཁན་ཚོར་གདམ་ཁ་མང་དུ་འགྲོ་བས་ལེགས་ཆ་ཞིག་རེད་ལ། དེའི་ནང་གི་མང་པོ་ཞིག་ནི་སྤྱི་སེམས་དབང་གིས་འོས་མིར་ལངས་པ་ཡིན་ངེས་པས་ཡག་པོ་རེད། ཕྱོགས་གཞན་ནས་འདི་རིགས་མང་པོ་ཞིག་འོས་མིར་ལངས་དོན་གཙོ་བོ་ནི་གཞན་ལ་“ཞབས་འདེགས་”ཞུ་ཆེད་མིན་པར། རང་ཉིད་ལ་“བརྩི་མཐོང་”སྐྲུན་ཆེད་ཡིན་སྲིད་པས། མི་འདི་ཚོ་སྤྱི་འཐུས་སུ་འཁོད་རྗེས། འཇིགས་ཞུམ་དང་ཆགས་སྡང་སྤངས་ཏེ་ལས་དོན་བསྒྲུབ་མིན་ཐེ་ཚོམ་གྱི་གནས་རེད།
། །།

No comments:

Post a Comment