2015-10-09

སེམས་འདི་རྩྭ་ཐང་བཞིན་ཡངས་དུས།

སེམས་འདི་རྩྭ་ཐང་བཞིན་ཡངས་དུས།
ཁྱེད་རང་མེ་ཏོག་བཞིན་འཛུམ་བྱུང་།
བསིལ་རླུང་དལ་གྱིས།
དྲི་བསུང་རྒྱང་ནས།

བརྩེ་དུང་གཙང་པོ་བཞིན་དྭངས་དུས།
ཁྱེད་རང་ཉ་མོ་བཞིན་འཁྱུག་བྱུང་།
རླབས་རིས་ཁ་ནས།
ཆུ་རྡོ་གཏིང་ནས།
སྙིང་གཏམ་གླུ་གཞས་བཞིན་སྙན་དུས།
ཁྱེད་རང་རོལ་དབྱངས་བཞིན་གྲགས་བྱུང་།
གློག་འོད་སྒང་ནས།
ཞབས་བྲོ་སེམས་ནས།

གལ་ཏེ། སེམས་མཐུན་གྱི་ནམ་མཁའ་འདི་དབང་རོགས་བྱས་ན།
ཉི་མ་རྫིག་པོ་དེ་མེད་ཀྱང་འགྲིག་ག
དྲག་ཆར་རླུང་འཚུབ་བྱུང་ཡང་ཆོག་ག
སེམས་ནས། སྙིང་ནས།

No comments:

Post a Comment