2016-03-22

དེ་རིང་གི་ཉིན་ཐོ།

༢༠༡༦།༣།༢༠
ཕྱི་རོལ་དུ་ཆར་པ་བབས། ད་ལྟ་མཚན་གུང་གི་ཆུ་ཚོད་ ༡༢ ཡོལ་ཟིན། ཉལ་ཁར་ཉིན་ཐོ་ཞིག་འབྲི་འདོད་བྱུང་། དེ་རིང་སྔ་དྲོ་ཆུ་ཚོད་ ༦ པར་ཡར་ལངས་རྗེས། ཞོགས་ཇར་ཉེ་དུས་གསར་དུ་བཏགས་པའི་རྩམ་པ་དང་། བོད་ནས་འབྱོར་བའི་ཕྱུར་ཞིབ་བསྲེས་ཏེ་བཟས། ཁྲག་ཤེད་ལ་གནོད་ཟེར་བས་རྩམ་པའི་ཐོག་མར་ཆུང་ངུ་ཞིག་ལས་བླུགས་མ་ཕོད། དེ་ནས་གློག་འཕྲིན་བསྔོགས། ཕྱི་གླིང་གི་ཞིབ་འཇུག་སློབ་མ་གཅིག་གིས་བོད་ཀྱི་ཡིག་སྐུར་རྣམ་གཞག་ཐད་དྲི་བ་ཁག་ཅིག་བཏོན་འདུག་པར། བསམ་གཞིགས་ཀྱིས་ལན་འདེབས་མདོར་བསྡུས་རེ་བྱས། དེ་ནས་བོད་ཀྱི་ཡིག་སྲོལ་ནང་གི་ཆེ་རྟགས་“༸”སྤྱོད་སྲོལ་ཇི་ལྟར་བྱུང་མིན་ཐད་མུ་མཐུད་དེ་ཡིག་རྙིང་འགའ་ཞིག་བཀླགས།

ཆུ་ཚོད་དགུ་པར། རང་དང་བཟའ་ཟླའི་དཔྱ་དངུལ་ལག་དེབ་འཁྱེར་ཏེ། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་ཤོག་འཕེན་པར་སོང་། མཉམ་དུ་ལོ་ ༡༢ ལ་སོན་པའི་བུ་ཡང་འཁྲིད། འཁྲིད་དོན་ནི། བོད་པ་ཚོས་སྲིད་སྤྱིའི་འོས་བསྡུའི་ནང་ཞུགས་ཚུལ་མཐོང་ན། མ་འོངས་པར་བོད་དོན་ཐད་དོ་སྣང་དང་ཁུར་ལེན་སྟངས་ཐད་བག་ཆགས་ཤིག་ཡོང་གི་རེད་སྙམ། བུ་ཁོ་རང་ལའང་དེ་ལྟར་བཤད།

ང་སྡོད་ས་ནས་འོས་ཤོག་འཕེན་སར་མེ་འཁོར་ནང་སྐར་མ་ ༢༥ ཙམ་དང་། དེ་རྗེས་སྤྱི་སྤྱོད་རླངས་འཁོར་ནང་སྐར་མ་ ༤༠ ཙམ་འགྲོ་དགོས། སྤྱི་སྤྱོད་རླངས་འཁོར་ནང་། ཕྱི་གླིང་མགོ་སེར་ལོ་ ༢༠ ཙམ་ལ་སོན་པ་ཞིག་གིས་སེམས་རྩེ་གཅིག་ཏུ་ཁ་འདོན་བྱེད་པ་མཐོང་། ཁ་ཆེ་བ་ཞིག་ཡིན་ས་རེད་བསམས་བསམས་ཞིག་འདུག ཁྱད་མཚར་ཞིག་ལ། དེང་སང་ཁ་ཆེའི་དད་པ་རྩེ་གཅིག་པ་དེ་འདྲ་མཐོང་དུས་འཇིགས་སྣང་བྱེད་མཁན་ཡང་ཡོད་པ་རེད།

ལམ་བར་དུ་རང་གི་བུ་ལ། དེ་རིང་གི་འོས་བསྡུའི་སྐོར་དང་། འོས་མི་ཁག་གི་སྐོར་མདོར་ཙམ་ངོ་སྤྲོད་ཐོག ང་རང་གིས་སུ་ལ་འོས་ཤོག་འཕེན་རྩིས་ཡོད་མེད་དང་། འོས་མི་དེར་འོས་འཕེན་དགོས་པའི་རྒྱུ་མཚན་གང་དང་གང་ཡིན་མིན་ངོ་སྤྲོད་གོ་བདེ་ཞིག་བྱས། དེ་ལ་བུས་དོ་སྣང་ཆེན་པོས་ཉན་སོང་།
འོས་འཕེན་སར་སླེབས་དུས། དེར་བོད་མི་ཉི་ཤུ་ཙམ་བང་བསྒྲིགས་ནས་འདུག་ཅིང་། འོས་བླུགས་ས་ནི་ས་གནས་ཀྱི་སློབ་གྲྭའི་ཚོགས་ཁང་ཞིག་གི་ནང་རེད་འདུག་པས། གུ་ཡངས་པོ་འདུག སྐུ་ངོ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ཀྱིས་དབུས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན། ས་གནས་འོས་བསྡུའི་ཁོངས་མི་རྣམས་པས་ཕྱག་ལས་གནང་གི་འདུག གྲ་སྒྲིག་ཧ་ཅང་ཡག་པོ་གནང་འདུག ཕྲན་རང་གྲལ་བསྒྲིགས་ནས་ཡོད་སྐབས། ཁམས་ནས་ཡིན་པའི་སྐུ་ཞབས་བཀྲ་ཤིས་ལགས་ཀྱང་ཕེབས་ཡོད་པ་མཇལ། ཁོང་མི་རིང་བའི་སྔོན་བོད་ནས་ཐད་ཀར་འདིར་ཕེབས་པ་རེད། བོད་ཀྱི་སྤྱི་དོན་ལ་ཐུགས་སྣང་གིས་ཉེ་དུས་ལམ་སང་དཔྱ་དངུལ་ལག་དེབ་གསར་བཟོ་གནང་སྟེ། ད་ལྟ་དངོས་སུ་འོས་བསྡུའི་ནང་ཞུགས་པར་དགའ་པོ་བྱུང་།

དེ་ནས་ཡང་ང་སྡོད་སའི་ཉེ་ཁུལ་གྱི་ཆོས་ཚོགས་ཤིག་ནང་ཡོད་པའི་དགེ་བཤེས་ཟླ་འོད་ལགས་དང་། དེ་མིན་གྱི་དགེ་བཤེས་ཤིག་ཀྱང་ཕེབས་ཡོད་པ་མཇལ། དགེ་བཤེས་ཟླ་འོད་ལགས་ནི་ཁམས་ནས་ཡིན་ཞིང་། དགུང་ན་ཧ་ཅང་མཐོ་བས་འཁོར་ལོའི་ནང་དྲུད་ན་མ་གཏོགས་ཕེབས་མི་ཐུབ། སྤྱན་གྱིས་ཀྱང་ཡག་པོ་གཟིགས་ཐུབ་ཀྱི་མེད། ཡིན་ནའང་སྤྱི་དོན་ཐུགས་བཅངས་ཀྱིས་འོས་འཕེན་པར་ཕེབས་པ་མཇལ་བས། སེམས་འགུལ་ཐེབས། ཁོང་ཕྱིར་ཕེབས་སྐབས། འཁོར་ལོའི་ནང་བཏེགས་ཏེ་རྡོ་སྐས་ཁག་བསྒྲོལ་དགོས་པས། དེ་ལ་ཁོང་གི་ཞབས་ཕྱི་དང་མཉམ་དུ་ང་རང་གི་ངོས་ནས་ཀྱང་ཞབས་འདེགས་ཞུས། དགེ་བཤེས་གཞན་དེ་ཡང་དགུང་ལོ་ ༨༠ ཡོལ་ཟིན་པ་ཞིག་རེད། ཡིན་ནའང་ཁོང་གི་སྐུ་གཟུགས་ཧ་ཅང་ཐང་།

དེ་ནས་ང་དང་ངའི་བཟའ་ཟླས་འོས་བསྡུའི་ལས་བྱེད་སར་སོང་སྟེ། དེབ་སྐྱེལ་ཟིན་པའི་དཔྱ་དངུལ་ལག་དེབ་སྤྱན་བསྟར་གྱིས་ཐོ་འགོད་ཞུས། སྲིད་སྐྱོང་དང་སྤྱི་འཐུས་གཉིས་ཀྱི་འོས་ཤོག་བླངས་ཏེ། འོས་བསྡུའི་སྤྱིལ་བུའི་ནང་སོང་སྟེ་འོས་རྟགས་འཐེན། དེ་ནས་འོས་སྒམ་ནང་འོས་ཤོག་བླུགས། མར་ལམ་བོད་རིགས་མཐུན་ཚོགས་ལ་བློས་བཅད་ཀྱི་ཞལ་འདེབས་ཕྲན་བུ་ཞིག་ཕུལ། འོས་བླུགས་སར་ཕེབས་པའི་ངོ་ཤེས་ཁག་ལ་འཚམས་འདྲི་ཞུས།

དེ་ནས་ཡང་བསྐྱར་སྤྱི་སྤྱོད་རླངས་འཁོར་དང་མེ་འཁོར་ལ་བསྡད་དེ་རང་གནས་སུ་ལོག ཁྱིམ་དུ་སླེབས་རྗེས་བཟའ་ཟླས་གུང་ཟས་སུ་འབྲས་དང་ཚལ་ཞིག་བཟོས་སོང་བ་དེ་བཟའ་བཞིན། ཨ་རིའི་གསར་བརྗེའི་ཁ་སྐོང་ལེ་ཚན་གྱི་དཔྱད་གཞི་འགའ་ཞིག་བཀླགས། སང་ཉིན་ཚོགས་འདུ་ཡོད་པས་དེའི་ནང་བཤད་རྒྱུའི་རིག་གཞུང་སྣ་མང་གི་ལྟ་གྲུབ་དང་སྲིད་བྱུས་སྐོར་ལའང་དོ་སྣང་ཕྲན་བུ་བྱས། ཆུ་ཚོད་གསུམ་པ་ཙམ་ལ་སླེབས་དུས་གཉིད་བབས་ཡོང་བས། མལ་ཁང་དུ་སོང་སྟེ་ཆུ་ཚོད་གཅིག་རིང་ཉལ།

དེ་ནས་བུ་ལ་དེ་རིང་གི་རང་སྦྱོང་ཁག་བྱེད་དགོས་པའི་བསྐུལ་ལྕག་བྱས་པ་ཚར་རྗེས་བོད་ཡིག་དང་དབྱིན་ཡིག་གཉིས་ཀའི་ནང་རྩོམ་ཡིག་ཤོག་ངོས་གསུམ་རེ་འབྲི་རུ་བཅུག དེ་མ་ཚར་བར་རྩེད་མོ་བརྩེས་མི་ཆོག་པའི་སྒྲིག་ལམ་སྔོན་ནས་བཟོས་ཡོད་པས། བུས་ཀྱང་དེ་དག་ལེགས་པར་བྲིས་སོང་། དེ་ནས་ང་རང་གི་བུ་མོ་ནོར་འཛིན་ལགས་ལ་ཁ་པར་བཏང་སྟེ། བདེ་འཚམས་ཡིན་མིན་དང་དེ་རིང་གི་གནས་ཚུལ་དྲིས། བུ་མོས་སྔ་དྲོ་སློབ་སྦྱོང་དང་། ཉིན་གུང་ཙམ་ལ་རང་གི་ས་གནས་སུ་འོས་ཤོག་འཕེན་པར་སོང་འདུག་ཅིང་། ས་གནས་བོད་མི་གཞན་དག་གིས་བུ་མོར་སྣེ་ལེན་དང་རོགས་རམ་ཡག་པོ་གནང་འདུག དེ་ནས་ཨོ་སི་ཊོ་ལི་ཡའི་བོད་རིགས་ཀྱི་སྐད་འཕྲིན་ཚོགས་པ་ཁག་དང་ངོ་དེབ་ནང་དུ། སྲིད་སྐྱོང་གི་འོས་བསྡུའི་གྲུབ་འབྲས་ཐོན་ཡོང་བས། རང་ངོས་ནས་ཀྱང་གནས་ཚུལ་གསར་པ་གསར་པ་ངོ་དེབ་ཐོག་སྤེལ་ཞོར་བསམ་འཆར་བྱུང་བ་ཁག་ལ་ལན་འདེབས་བྱས། དེ་མུར་དགོང་ཟས་ཟིན། དགོང་ཟས་བཟའ་མུར་སྤུན་ཉེ་ར་ལོ་ལགས་ཀྱི་གློག་ཀླད་ལ་དཀའ་ངལ་ཞིག་འཕྲད་བཞིན་འདུག་པར། རོགས་རམ་བྱེད་རོགས་ཟེར་བས། ཁོང་གི་ཁྱིམ་དུ་སོང་སྟེ་དེ་ལ་རོགས་ཕན་ཞུས།

བར་ཞིག་ཏུ། དབུས་འོས་བསྡུའི་ལས་བྱེད་བསྟན་ནོར་ལགས་ཀྱིས། ཕྲན་གྱི་ངོ་དེབ་ཐོག་ཨོ་གླིང་ནང་གི་འོས་བསྡུའི་གྲུབ་འབྲས་སྐོར་འགྲེམས་མུས་དེ་དག་མ་འགྲིག་པ་ཡིན་ཚུལ་འཕྲིན་ཐུང་ཁ་ཤས་འབྱོར། དེ་ལ། གྲུབ་འབྲས་དེ་དག་སྐད་འཕྲིན་དང་ངོ་དེབ་ཁག་ནང་ཁྱབ་བཞིན་པ་ལྟར་ཕྲན་གྱིས་ཀྱང་སྤེལ་བ་ཡིན། དེ་འདྲ་བྱས་མི་ཆོག་ན་ལམ་སང་ཕྱིར་འཐེན་ཞུས་ཆོག འོན་ཀྱང་ས་གནས་སུ་ཆུ་ཚོད་ ༢༤ ནང་གསལ་བསྒྲགས་བྱ་དགོས་གསུངས་པ་ལྟར། གསལ་བསྒྲགས་བྱས་ན། མང་ཚོགས་ཀྱིས་བརྒྱུད་ལམ་ཁག་ཏུ་བཀྲམས་ངེས་རེད་ཅེས་ཞུས། ཁོང་གིས་དེའི་ཐད་སང་ཉིན་གསལ་བསྒྲགས་གཞན་ཞིག་གནང་རྒྱུ་ཡིན་ཚུལ་གསུངས་པས། ཕྲན་གྱིས་ལམ་སང་ངོ་དེབ་སྒང་སྤེལ་བ་རྣམས་བསུབས།

ཆུ་ཚོད་བཅུ་དང་ཕྱེད་ཀར་ར་ལོ་ལགས་ཀྱིས་སྣུམ་འཁོར་ནང་བསྐྱལ་ཆོག་ཟེར་བར་མ་ཉན་པར། རང་ཉིད་ལ་ལུས་སྦྱོང་ཕྲན་བུ་དགོས་ཚུལ་བཤད་དེ་རྐང་ཐང་དུ་རང་གནས་སུ་ལོག་ཡོང་། ཆར་སིམ་སིམ་ཞིག་འབབ་བཞིན་འདུག་པས་སྐྱིད་སྣང་ཤར། དེ་མུར་སྙན་ངག་ཅིག་དྲན་མུར་ག་ལེར་ཡོང། འོན་ཀྱང་ལམ་ཕྱེད་ནས་གློ་བུར་དུ་ཆར་སིམ་དེ་དྲག་ཆར་ལ་གྱུར་བས། གྱོན་གོས་ཡོངས་རློན་པ་བཟོས་སོང་། ནང་དུ་སླེབས་རྗེས། གྱོན་པ་བརྗེས་ཏེ་ནམ་རྒྱུན་ནས་ལྟ་མུས་ཀྱི་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་གསར་པ་དེ་ནས་ལེའུ་གཅིག་བལྟས། དེ་ནས་ཉིན་ཐོ་འདི་ཤར་མར་བྲིས་སོ།། །།

No comments:

Post a Comment